༢༠༡༡ ཟླ་ ༨ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༤ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་རྫོགས་ཆེན་རྨེ་བ་མཁན་པོ་ཐུབ་བསྟན་འོད་ཟེར་རིན་པོ་ཆེ་མཆོག་གི་ཡང་སྲིད། འཇིགས་མེད་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོར་སྤང་སྒང་རི་ཁྲོད་སྔ་འགྱུར་བསམ་གཏན་ཆོས་གླིང་དགོན་གྱིས་མགྲོན་བརྡ་ཕུལ་འབྱོར་བཞིན། ཕྱི་ཚེས་ ༣ ཉིན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་ ༢༦༠༠ འཁོར་བའི་དུས་དྲན་མཛད་སྒོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མཆོད་འབུལ་སྨོན་ལམ་ལེགས་གྲུབ་རྗེས། བཞུགས་སྒར་ནས་སྣུམ་འཁོར་ནང་ཀུ་ལུ་ཕྱོགས་སུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་མཚམས་ས་གནས་འགོ་འཛིན་གྱིས་གཙོས་ཚོགས་སྡེ་ཁག་དགུ་ཙམ་གྱི་འཐུས་མིས་ཕེབས་བསུ་ཞུས་ཡོད། ཚེས་ ༤ ཉིན་སྔ་དྲོའི་ཆུ་ཚོད་ ༩ ཐོག་དགོན་པའི་གཙུག་ལག་ཁང་དུ་ཕེབས་ཡོད། དེ་རྗེས་ཡབ་ཁུ་ནུ་བ་ཕུན་ཚོགས་སྟོབས་རྒྱལ་དང། ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས། ཡང་སྲིད་རིན་པོ་ཆེ་འཇིགས་མེད་བསྟན་འཛིན་འགྱུར་མེད་མཆོག་དུང་རྒྱ་སྤོས་སྣ་སོགས་ཀྱི་སྣེ་དྲངས་ཤིང་། པ་ཀུལ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ནས་བཀྲ་ཤིས་པའི་གར་མཆོད་དང་བཅས་བཞུགས་ཁྲིར་འཁོད་བསྟུན་འབྲེལ་ཡོད་རྣམས་ནས་མཎྜལ་རྟེན་གསུམ་ཕུལ། དེ་ནས་ཆོས་རིག་བཀའ་བློན་མཆོག་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་འདུས་ཚོགས་སུ་བླང་དོར་གྱི་གསུང་བཤད་གནང་རྗེས་འདུས་ཚོགས་སུ་རྒྱུན་སྲོལ་བསྙེན་བཀུར་ཞུས་ཏེ་སྐུ་མགྲོན་ལྷན་རྒྱས་ཉིན་གུང་གསོལ་ཚིགས་བཞེས་གྲུབ་མཚམས་ཀུ་ལུ་གནས་འཁོད་རང་རིགས་མང་ཚོགས་ནས་གསོལ་སྟོན་ལ་གདན་འདྲེན་སྔོན་ཞུས་ལྟར་ཐོག་མར་འོན་མངའ་རིས་གྲྭ་ཚང་དུ་གནས་མཇལ་དང་། དེ་རྗེས་གསོལ་ཇ་བཞེས་བསྟུན་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་སོགས་གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་ལྷན་ཚོགས་ཐོག་ལྷན་དྲི་བ་དྲིས་ལན་གནང་། ས་གནས་གཞིས་ལས་ཁང་དང་ཚོགས་སྡེ་ཁག་ནས་གྲ་སྒྲིག་ཞུས་དོན་གྱི་དགོང་མོའི་གསོལ་ཚིགས་ལ་ཕེབས་རྗེས་མགྲོན་ཁང་དུ་ཕྱིར་ཕེབས་གནང་། ཚེས་ ༥ ཉིན་བཀའ་བློན་མཆོག་སྔ་དྲོ་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས།།
ཆོས་རིག་བཀའ་བློན་མཆོག་རྫོགས་ཆེན་རྨེ་བ་མཁན་པོ་ཐུབ་བསྟན་འོད་ཟེར་མཆོག་གི་ཡང་སྲིད་རིན་པོ་ཆེའི་ཁྲི་འདོན་མཛད་སྒོར་ཕེབས་པ།
གསར་གནས།
འབྲེལ་གནས།