༢༠༡༡ ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ།
༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་སྟེ། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ། དཔལ་ལྡན་བཀའ་བློན་ཁྲི་པ་སོགས་ཀྱིས་མཚོན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རྒྱལ་ཁབ་མང་པོ་ནས་ཕེབས་པའི་བཀུར་འོས་སྐུ་མགྲོན་རྣམ་པ། གཞིས་བྱེས་བོད་མི་མང་ཚོགས་བཅས་ལ་ད་རེས་བོད་མིའི་སྲིད་སྐྱོང་སྐབས་གསུམ་པའི་བཀའ་ཁྲི་དམ་འབུལ་གྱི་གོ་སྐབས་འདིའི་ཐོག་དགའ་སྤོབས་དང་བཅས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོ་འདི་ནི་འོས་ཐོན་བཀའ་བློན་ཁྲི་པ་ཞིག་དམ་འབུལ་གནང་བའི་འཆར་ཅན་གྱི་དུས་ཚིགས་ཙམ་ཞིག་མ་ཡིན་པར་བོད་མི་རིགས་ཀྱི་བྱུང་རབས་ནང་དོན་དམ་མང་གཙོའི་གོམ་སྟབས་རླབས་ཆེན་ཞིག་མདུན་བསྐྱོད་བྱས་པའི་གོ་སྐབས་ཤིག་ཡིན་པ་དང་། འབྱུང་འགྱུར་མང་ཚོགས་ཀྱི་སྙིང་སྟོབས་དང་ནུས་པའི་གཟི་བརྗིད་འདོན་འགོ་ཚུགས་པའི་ཉིན་མོ་ཞིག་ཀྱང་ཡིན། ང་ཚོས་བཙན་བྱོལ་དུ་ལག་བསྟར་བྱེད་བཞིན་པའི་མང་གཙོའི་ལམ་སྲོལ་འདི་ནི་རྒྱལ་ཁམས་སྤྱི་དང་ཁྱད་པར་བཙན་འོག་ཏུ་ཡོད་པའི་མི་རིགས་རྣམས་ལ་མིག་དཔེར་འོས་པ་ཞིག་དང་། འབྱུང་འགྱུར་གཞིས་བྱེས་འཛོམས་སྐབས་ལེགས་སྐྱེས་སུ་འོས་པ་ཞིག་ཡིན།
གངས་ཅན་བོད་ཀྱི་ལྗོངས་འདི་ཕྱི་ལོ་མ་ཚུགས་གོང་གི་བརྒྱ་ཕྲག་གཉིས་པ་ནས་བཟུང་ཕྱི་ལོ་ ༡༩༥༡ བར་དུས་ཡུན་མང་ཤོས་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གནས་པ་དང་། མི་འབོར་ཉུང་ཡང་ཆོས་དང་རིག་གནས། ལེགས་བྱང་བཅས་ཀྱི་ཐོག་གཞན་འགྲན་བྲལ་བའི་རླབས་ཆེན་གྱི་བྱས་རྗེས་ཡོད་པའི་མི་རིགས་ཤིག་དང་། ཤར་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོར་ཡང་གནས་མྱོང་བ་ཞིག་ཡིན་པ་དང་། ལྷག་པར་ཕྱི་ལོ་ ༡༦༤༢ ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་དབང་བསྒྱུར་བའི་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་གཞུང་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་ཆོས་སྲིད་ལུགས་གཉིས་ཀྱིས་བསྐྱངས་པའི་འོག་བོད་འབངས་རྣམས་བདེ་བར་ངལ་འཚོ་བ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཕྱག་ནས་ཆབ་སྲིད་ཀྱི་མངའ་དབང་འབུལ་བཞེས་མཛད་དེ་ད་ལྟའི་བར་ལོ་ ༦༠ ཧྲིལ་པོར་སོང་ཞིང་། དེ་ནི་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ནང་ཆབ་སྲིད་སྐྱོང་རྒྱུན་རིང་ཤོས་དང་། བོད་མིར་དཀའ་ངལ་དང་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་མཛད་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནས་བབས་ཟུབ་ཏུ་མེད་པའི་གོ་འཕང་བསྐྲུན་པར་མཛད་ཡོད།༸གོང་ས་མཆོག་སྐུ་གཞོན་ནུའི་དུས་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེང་རབས་མང་གཙོའི་ལམ་དུ་བསྒྱུར་གནང་མཛད་རྒྱུའི་དགོངས་བཞེད་ཤུགས་ཆེ་ཡོད་ནའང་། བོད་དུ་དགོངས་བཞེད་འགྲུབ་ཐབས་མ་བྱུང་། བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་པ་ནས་མང་གཙོའི་སྒྲིག་འཛུགས་ཁག་གསར་གཏོད་དང་། མང་ཚོགས་ལ་མང་གཙོའི་ལྟ་གྲུབ་དང་ལམ་སྲོལ་གྱི་སློབ་གསོ་ཤུགས་ཆེན་རྒྱུན་བསྟུད་མཛད་དེ། མང་ཚོགས་ཀྱི་གནས་ཚད་སྨིན་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། བོད་མིའི་སྲིད་སྐྱོང་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུ་སོགས་ཐེག་པ་རིམ་འཛེགས་ཀྱིས་ད་ཆ་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་རབ་ཀྱི་མཐར་ཐུག་པར་མཛད་པ་དང་། འདས་པའི་ལོ་གྲངས་ ༣༠ ལ་ཉེ་བའི་རིང་བོད་མིའི་ཆབ་སྲིད་༸གོང་ས་མཆོག་ལ་བརྟེན་མ་དགོས་པར་མང་ཚོགས་ཀྱིས་རང་མགོ་འཐོན་པ་དགོས་པའི་ལམ་སྟོན་ནར་མར་མཛད་པའི་དགོངས་དོན་རྣམས་ད་ཆ་ཐུགས་བཞེད་བཞིན་ཡོངས་སུ་འགྲུབ་པའི་དུས་ཚོད་བཟང་པོ་ཞིག་བྱུང་བ་འདི་ནི་བློ་སྤོབས་བྱ་འོས་པའི་གོ་སྐབས་ཤིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག མགོན་པོ་གང་གིས་བོད་རིགས་ཡོངས་ལ་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཟང་ཤོས་དང་། དུས་ཡུན་རིང་ཤོས་བར་མཛད་དེ། ཆོས་སྲིད་གཉིས་ཐད་ནས་འཇིག་རྟེན་ཁྱོན་ཡོངས་སུ་སྔོན་གྱི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་ཡོངས་རྫོགས་ཀྱི་མཛད་འཕྲིན་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ཆེས་ལྷག་པའི་མཛད་འཕྲིན་ཞིག་བསྐྱངས་པར་མཛད་པ་དང་། ཁྱད་པར་མང་གཙོའི་ལམ་སྲོལ་བཙན་ཐབས་སུ་བསྩལ་ཏེེ་རྒྱལ་དབང་ལྔ་པ་ཆེན་པོ་ནས་བཟུང་ད་ལྟའི་བར་ལོ་གྲངས་ ༣༦༩ སོང་བའི་བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་སྲིད་དབང་གི་རྒྱུན་ཉམས་ཆག་མེད་པར་མང་གཙོའི་ལམ་སྲོལ་ལྟར་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་ལ་བརྒྱུད་སྤྲོད་དབང་སྐུར་མཛད་པ་དང་། གུས་འབངས་རྣམས་ཀྱིས་བཀའ་ཤག་གི་ལས་ཁུར་ཞུ་རྒྱུན་རིང་། བྱམས་བརྩེའི་ལམ་སྟོན་ཚད་མེད་རྒྱུན་ལྡན་བསྩལ་བ་བཅས་ཀྱི་བཀྲིན་ནི་དུས་ནམ་ཡང་གཞལ་མི་ཐུབ་ཀྱང་། བཀྲིན་རྗེས་དྲན་ཙམ་ཞུ་བ་དང་ཆབས་ཅིག མི་ཤེས་པ་དང་། བག་མེད་པའི་དབང་གིས་༸གོང་ས་མཆོག་གི་དགོངས་བཞེད་ཇི་བཞིན་མ་རྟོགས་པ་དང་། རྟོགས་ཀྱང་བསྒྲུབ་མ་ཐུབ་པ། དེ་བཞིན་ཐུགས་དང་འགལ་བའི་རིགས་ཇི་བྱུང་ལ་འགྱོད་གདུང་དྲག་པོས་སྙིང་ནས་བཟོད་གསོལ་ཞུ་རྒྱུ་ཡིན། མགོན་པོ་མཆོག་ནི་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཡིན་པ་དང་། གཞིས་བྱེས་བོད་རིགས་ཡོངས་ཀྱི་སྤྱི་མོས་ལྡན་པའི་དབུ་ཁྲིད་རྩོད་མེད་ཅིག་ཡིན་སྟབས། ཆབ་སྲིད་དང་། ཁྲིམས་ལུགས། ལྟ་གྲུབ། བཟང་སྤྱོད་གང་གི་ཆ་ནས་འགན་དབང་བརྒྱུད་སྤྲོད་གནང་རྒྱུའི་སྐུ་དབང་དང་ནུས་པ་ཆ་ཚང་ཡོད་པ་དང་། བརྒྱུད་སྤྲོད་གནང་ཕྱོགས་ཀྱང་ཚད་ལྡན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཡང་དག་པའི་ཁྲིམས་ལུགས་གཏན་འབེབས་ཀྱི་ལམ་ནས་གནང་བ་ཡིན་པས། སྐུ་དབང་བརྒྱུད་སྤྲོད་གནང་ཕྱོགས་ཚུལ་དང་མཐུན་མིན། དུས་ཚོད་རན་མིན། བརྒྱུད་སྤྲོད་གནང་རྗེས་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་མཐུན་གྱི་གནས་བབ་ཡོད་མིན་སོགས་ཀྱི་དྲི་བ་དང་ཀླན་ཀ་ཡོང་གཞི་མེད་ཅིང་། དེ་འདྲའི་དོགས་པ་རྣམ་རྟོག་སློང་མཁན་དང་། ༸གོང་ས་མཆོག་གི་བོད་མིའི་འཕྲལ་ཡུན་ཡོངས་ལ་སྨན་པའི་མཛད་བཟང་ལ་ཟུར་ཟ་བ་ནི་རྒྱུ་མཚན་མེད་པའི་བླུན་གཏམ་དང་། བྱས་པ་དྲིན་དུ་མི་གཟོ་བའི་ངང་ཚུལ་ཡིན་པས་དེ་དག་ལ་བོད་མི་མཁྱེན་ལྡན་སུས་ཀྱང་ཐུགས་སྣང་གནང་གི་མེད་ལ། གནང་དགོས་ཀྱང་མེད་པ་ཞིག་ཡིན་པ་ནན་བརྗོད་བྱ་རྒྱུ་ཡིན། དེ་རིང་གི་འཕོ་འགྱུར་འདི་ནི་མི་རབས་རྙིང་པ་ནས་མི་རབས་གསར་པ་དང་། དེང་རབས་ཀྱི་ཤེས་ཡོན་མེད་མཁན་ནས་ཡོད་མཁན་ལ་འགན་དབང་རྩིས་སྤྲོད་བྱེད་པའི་འཕོ་འགྱུར་ཞིག་ཡིན་པས་བོད་མི་རིགས་ཀྱི་དེ་བྱུང་གི་དེབ་ཐེར་ནང་གསེར་གྱི་ཡིག་འབྲུར་འགོད་འོས་པ་ཞིག་ཡིན་པ་མ་ཟད། བྱུང་རབས་གསར་པ་ཞིག་དབུ་ཚུགས་པའི་དུས་ཚིགས་ཤིག་ཀྱང་ཡིན་པས་ང་དང་ངའི་ལས་རོགས་བཀའ་ཟུར་ཚང་མའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་སྙིང་ནས་བཀྲིས་བདེ་ལེགས་དང་། མཛད་བྱུས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བ་དང་མཉམ་དུ། ཉིད་ཀྱི་ནུས་ཤུགས་ལྡན་པའི་དབུ་ཁྲིད་འོག་བོད་ཀྱི་འཛིན་སྐྱོང་དང་། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་གནས་བབ་ལ་ཁྱད་པར་ཐོན་པའི་འགྱུར་བ་དང་མདུན་བསྐྱོད་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ༸གོང་ས་མཆོག་གི་དགོངས་བཞེད་དང་ཡོངས་སུ་མཐུན་པའི་སྲིད་བྱུས་དང་ལས་རིམ་རྒྱུན་སྐྱོང་ཐུབ་ན་བོད་དོན་བདེན་མཐའ་རིང་མིན་གསལ་རྒྱུར་ཐེ་ཚོམ་མེད་ཀྱང་། དེ་ལས་ལྡོག་སྟེ་ལོག་ལམ་དུ་གྱར་ན་འབྱུང་འགྱུར་བོད་མི་རིགས་ཀྱི་ལས་དབང་ཇི་འགྱུར་བརྗོད་དཀའ།དེ་རིང་གི་གོ་སྐབས་འདིའི་བརྒྱུད་ང་དང་ངའི་ལས་རོགས་ཚང་མས་གཞིས་བྱེས་བོད་རིགས་ཡོངས་ལ་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་ལས་ཡུན་ལོ་ངོ་བཅུ་ལ་ཉེ་བའི་རིང་མཐུན་འགྱུར་རྒྱབ་སྐྱོར་ཚད་མེད་གནང་བ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག འབྱུང་འགྱུར་ཡང་སྐབས་བཅུ་བཞི་པའི་བཀའ་ཤག་ལ་སྔར་ལྷག་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ང་ཚོའི་ལས་རྒྱུན་རིང་མང་ཚོགས་ཀྱིས་རེ་འདུན་གནང་བ་རེ་སྐོང་ཇི་བཞིན་ཞུས་མ་ཐུབ་པའི་རིགས་ལ་བློ་ཕམ་ཡོད།མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བའི་རེ་སྨོན་དང་ཆབས་ཅིག་བཀའ་ཤག་གི་ཁྲིམས་མཐུན་གྱི་མཚོན་རྟགས་ལོ་ ༢༦༠ སྔོན་ཕྱི་ལོ་ ༡༧༥༡ ལོར་རྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་སྐབས་གནང་བའི་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་རྩིས་འབུལ་ཞུ་རྒྱུ་ཡིན། ཇཡ་ཇགཏ།། །།