༢༠༡༡ ཟླ་ ༨ ཚེས་ ༧ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་གསུམ་པའི་བཀའ་ཁྲིར་འདེམས་འཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་དྲུང་དུ་བཀའ་བློན་ཁྲི་པའི་དམ་འབུལ་ཞུ་རྒྱུ་ཡིན་པ་དང། བཀའ་བློན་ཁྲི་པའི་དམ་འབུལ་གྱི་མཛད་སྒོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོ་སེབ་ལི་བྷར་མན་(Senator Joseph Lieberman) མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་དམ་འབུལ་ཞུ་རྒྱུའི་ཉིན་མོར་ངས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཨ་རིའི་རྒྱལ་ཁབ་ཀྱིས་མང་གཙོའི་རིང་ལུགས་ཐོག་བསྐྱོད་མཁན་ཚང་མར་རང་བཞིན་གྱི་སེམས་ཐག་ཉེ་པོ་དང་མཛའ་བརྩེའི་འབྲེལ་ལམ་ཡོང་བཞིན་ཡོད། དེར་བརྟེན་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཧ་ཅང་གལ་གནད་ཆེ་བའི་དེ་རིང་གི་ཉིན་མོ་འདིར་ཨ་རི་དང་བོད་མི་གཉིས་དབར་གྱི་འབྲེལ་ལམ་སྔར་བས་ཐག་ཉེ་རུ་ཕྱིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་ཀྱི་ཤེས་རབ་དང་ཡང་དག་པའི་ལམ་སྟོན། དེ་བཞིན་བཀའ་ཁྲི་མཆོག་གི་ཆབ་སྲིད་ཀྱི་ལམ་སྟོན་འོག་འབྱུང་འགྱུར་བོད་མིའི་འཐབ་རྩོད་རྒྱུན་འཁྱོངས་ཡོང་རྒྱུར་ངས་མཐའ་གཅིག་ཏུ་ཡིད་ཆེས་ཞུ་རྒྱུ་དང་། ལོ་རྒྱུས་ལྡན་པའི་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་དེ་རིང་ངས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་བཅས།།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་བདམས་ཐོན་བཀའ་ཁྲི་མཆོག་གི་དམ་འབུལ་མཛད་སྒོར་འཚམས་འདྲི་གནང་བ།
གསར་གནས།
འབྲེལ་གནས།