༢༠༡༡ ཟླ་ ༨ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢ རེས་གཟའ་མིག་དམར་ཉིན་ཨ་རིའི་མེ་ས་ཆུ་སེ་ཊི་(Massachusetts) ནས་ཡིན་པའི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་པི་མེཀ་གོ་ཝན་(James P. McGovern)མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་གསུང་བཤད་གནང་སྐབས་བཙན་བྱོལ་བོད་མིའི་མང་གཙོའི་རིང་ལུགས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དང་བླངས་ཐོག་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲི་ཚོར་རྩིས་སྤྲོད་མཛད་པ་དེ་ནི་བསྔགས་པར་འོས་པའི་མཛད་རྗེས་ཤིག་ཏུ་གྱུར་ཡོད། འགྱུར་བ་དེ་ལོ་ངོ་བཅུ་ཕྲག་མང་པོའི་རིང་མང་གཙོའི་ལམ་བཟང་ཕྱོགས་སུ་ཡར་རྒྱས་ཀྱི་གོམ་པ་རིམ་སྤོས་མཛད་པའི་གྲུབ་འབྲས་ཤིག་ཆགས་ཡོད། དེང་སྐབས་འཛམ་གླིང་ནང་གཅིག་བསྡུས་དབང་འཛིན་པ་ཚོས་དབང་ཆ་གཅིག་བསྡུས་བྱེད་རྒྱུར་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མ་སྐུལ་དང་བླངས་ཐོག་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲི་ཚོར་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་པ་དེ་ནི་ཆེས་བསྔགས་པར་འོས་པ་ཞིག་ཡིན། གནས་སྟངས་འདི་ནི་རང་དབང་ཐོག་འོས་ཤོག་འཕེན་རྒྱུའི་གཞི་རྩའི་ཐོབ་ཐང་རྩ་བ་ནས་མེད་པའི་བོད་ནང་གི་བོད་མི་ཚོ་དང་རྒྱ་ནག་ནང་གི་རྒྱ་རིགས་ཚོའི་གནས་སྟངས་དང་རྒྱབ་འགལ་ཆགས་ཡོད་པར་བརྟེན། བཙན་བྱོལ་བོད་མི་ཚོའི་གྲུབ་འབྲས་ལ་ང་ཚོས་ངོས་འཛིན་དང་གུས་བརྩི་ཞུ་འོས་པ་ཆགས་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲི་ཚོར་རྩིས་སྤྲོད་མཛད་རྒྱུའི་གསལ་བསྒྲགས་བསྐྱངས་པ་ལྟར་ཕྱི་ཟླ་ ༥ ནང་བོད་མིའི་གྲོས་ཚོགས་ནང་ཁྲིམས་སུ་གཏན་འབེབས་གནང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་གི་བཀའ་ཁྲིའི་དམ་འབུལ་མཛད་སྒོ་ཚུགས་རྒྱུ་དང། སྐབས་དེར་འཛམ་གླིང་ཕྱོགས་ཡོངས་ནས་བོད་མི་རྣམས་འདུ་འཛོམས་གནང་རྒྱུ་རེད། བདམས་ཐོན་བཀའ་ཁྲི་མཆོག་གི་བཀའ་ཁྲི་གསར་པའི་མཛད་ཁུར་དམ་འབུལ་གྱི་ཉིན་མོར་ངས་བོད་མི་ཚོའི་མང་གཙོའི་གྲུབ་འབྲས་ལ་དགའ་བསུ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་འགན་ཆ་ཚང་རང་གི་ཕྲག་པར་བླངས་པའི་དུས་སྐབས་འདི་ཧ་ཅང་གཉན་འཕྲང་ཅན་ཞིག་ཆགས་ཡོད། ཁོང་ཕྱི་ལོ་ ༢༠༡༡ ཟླ་ ༧ ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་ཨ་རིའི་གྲོས་ཚོགས་ནང་ཕེབས་སྐབས་ང་ལ་ཁོང་དང་མཇལ་རྒྱུའི་གོ་སྐབས་ཐོབ་བྱུང་བ་མ་ཟད། རིང་མིན་ཁོང་དང་སླར་ཡང་མཇལ་ཏེ་བོད་ཀྱི་གནད་དོན་སེལ་ཆེད་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཇི་འདྲ་ཞུ་དགོས་མིན་ཐད་བགྲོ་གླེང་ཞུ་ཐུབ་རྒྱུའི་རེ་བ་འཆང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག
ཨ་རིའི་གྲོས་ཚོགས་འཐུས་མིས་བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་ཞུས་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་རིང་ལུགས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ།།
གསར་གནས།
འབྲེལ་གནས།