ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་སྤྱི་མོས་ཐོག་ངོས་བཞེས་གནང་བ་དང་། ཕྱི་ལོ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་ཡོད། བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེ་ནི་བོད་མིར་མཚོན་ན་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༧ ཉིན་མེ་ས་ཆུ་སེཌ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དྲ་རྒྱ་བརྒྱུད་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཉིད་ལམ་ལྷོངས་བྱུང་བ་དང་། དེ་བཞིན་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་བཅས་ལ་ཆེ་བསྟོད་སྲུང་བརྩི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གི་ཕྱི་འབྲེལ་སློབ་སྟོན་པ་བྷེ་ཐན་ནེ་པོ་ལོ་སི་ (Bethany Poulos) ལགས། སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གི་ལས་ཁུངས་ཀྱི་ངེས་སྟོན་པ་ཊོ་ཌི་རེ་ཌི་ (Todd Reid) ལགས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་ཚན་པའི་འགན་འཛིན་སྐུ་ཞབས་ཇོ་ན་ཐན་སི་ཊི་ཝར་ (Jonathan Stivers ) ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་ཤར་གླིང་ཟླ་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགའ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། མེ་ས་ཆུ་སེཌ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་དོན་གྲུབ་ལགས་སོགས་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཨ་རིའི་གཞུང་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བའི་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བཀའ་སློབ་སྩལ་བ་ལུང་འདྲེན་གནང་ཡོད།
ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས། ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ཞིང་། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་གནང་བར་ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་དང་། ལྷག་པར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ཅེས་དང་། ཨ་རི་ལ་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སེམས་ཤུགས་འཕེལ་བའི་སྐྱེས་མཆོག་ཅིག་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་ཁོང་གིས། ཨ་རིའི་སྲིད་འཛིན་ཇོ་བཱཡི་ཌེན་མཆོག་གི་འཛིན་སྐྱོང་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་དང་། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ལག་བསྟར་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་སླད་སྔར་ལས་ལྷག་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཇོ་བཱཡི་ཌེན་མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བའི་རེ་བ་ཡོད། ཅེས་གསུངས།
སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གི་ཕྱི་འབྲེལ་སློབ་སྟོན་པ་ལྕམ་སྐུ་བྷེ་ཐན་ནེ་པོ་ལོ་སི་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ་བོད་ནང་གི་བོད་མིའི་ཐོག་དམ་བསྒྲགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་སྐོར་ཐེ་བྱུས་བྱེད་བཞིན་ཡོད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གིས་བོད་ཀྱི་གནད་དོན་ནི་བཟང་སྤྱོད་ཀྱི་གནད་དོན་ཙམ་མ་ཡིན་པར། དེ་ནི་ཨ་རིའི་ཁེ་ཕན་དང་འབྲེལ་བ་ཡོད། ཅེས་གསུངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། ཨ་རིའི་གཞུང་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་མཆོག་གིས་ཆོད་སེམས་བརྟན་པོའི་སྒོ་ནས་འཛམ་གླིང་གི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་སྤྱི་དང་། ལྷག་པར་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོ་བཅས་ཀྱི་སླད་ཕྱག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགའ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས། ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེས་ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཛིན་སྐྱོང་ཚུད་པའི་བོད་དོན་ལ་རྒྱབ་སྐྱོར་དང་། བོད་ཀྱི་གནད་དོན་དེ་ཨ་རིའི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་བཅས་བརྡ་ལན་གཉིས་བཏང་བ་མཚོན་གྱི་ཡོད། ཅེས་གསུངས།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་ངོ་དེབ་བརྒྱུད་ཐེངས་འདིའི་ལས་རིམ་ཡོངས་རྫོགས་ཐད་གཏོང་གནང་ཡོད་པ་བཅས།།