༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཞི་པ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༥ ཉིན་དང་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་ལི་ཐང་དགོན་ཆེན་དུ་ཚོགས་འདུག དེ་ཡང་ལོ་སྔོན་མར་སྐབས་གསུམ་པ་བྲག་མགོ་དགོན་ཆེན་དུ་འཚོགས་སྐབས་སུ་སྐབས་བཞི་པ་ལི་ཐང་དགོན་ཆེན་དུ་འཚོགས་གཏན་འཁེལ་བ་ནས་བཟུང། ལི་ཐང་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གིས་འགན་འཁུར་གཙོ་བོ་གནང་སྟེ། མདོ་ཁམས་ཡུལ་གྱི་དགོན་སྡེ་བརྒྱ་ལྷག་ཙམ་ལ་མགྲོན་བརྡ་བཏང་བ་སོགས་གོ་སྒྲིག་བྱེད་བཞིན་པའི་སྐབས་སུ་རྫོང་སྲིད་གཞུང་གིས་གྲྭ་པ་ཆིག་སྟོང་ལས་བརྒལ་མི་ཆོག་པ་དང་། རྔ་པ་ཀིརྟི་དགོན་པ་ལ་མགྲོན་ཤོག་གཏོང་མི་ཆོག་པའི་དོན་ཚན་གཉིས་ཁས་ལེན་དུ་བཅུག་འདུག འོན་ཀྱང་མཚན་ཉིད་གྲྭ་ཚང་གི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་གྲྭ་པ་གཅིག་སྟོང་ཉིས་སྟོང་ང་ཚོས་ཕེབས་མིན་མི་ཤེས་ཤིང་། རྔ་པ་ཀིརྟི་དགོན་པར་མགྲོན་ཤོག་ང་ཚོའི་ངོས་ནས་གཏོང་རྒྱུ་ཡིན་ལ་ཕེབས་དང་མི་ཕེབས་མི་ཤེས་གལ་ཏེ་ཕེབས་ཚེ་ང་ཚོའི་ངོས་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྡ་ལན་སྤྲད་འདུག
གོང་གི་དོན་ཚན་གཉིས་ཀ་མཚན་ཉིད་གྲྭ་ཚང་གིས་ངོས་ལེན་མ་བྱས་སྟབས་རྫོང་སྲིད་གཞུང་གིས་དོགས་ཟོན་ཆེན་པོ་བྱས་པ་དང་། མི་མང་གི་ངོས་ནས་ཀྱང་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད་པའི་རྒྱུ་མཚན་དེ་ལ་ཐུག་འདུག དེར་བརྟེན་མདོ་ཁམས་ཀྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཞི་པའི་གྲ་སྒྲིག་ཡོངས་རྫོགས་ལི་ཐང་དགོན་ཆེན་རང་ནས་གནང་རྒྱུ་བྱས་ཏེ། མཁན་ལས་ཟུར་རྣམས་སྤྱི་ཁྱབ་སྡེ་ཚན། བདེ་སྲུང་སྡེ་ཚན། དཔལ་འབྱོར་སྡེ་ཚན། སྣེ་ལེན་སྡེ་ཚན། འཕྲོད་བསྟེན་སྡེ་ཚན་བཅས་སྡེ་ཚན་ཁག་ལྔ་རུ་བགོས་ནས་ལི་ཐང་ཤོག་དྲུག་སྐྱབས་མགོན་གཙོས་མཁན་ལས་ཟུར་ཁག་གཅིག་སྤྱི་ཁྱབ་འགན་འཛིན་དང་། མཁན་ཟུར་ཚ་སྟག་རིན་པོ་ཆེ་དང་མཁན་ཟུར་རྒྱ་ལུགས་སྤྲུལ་སྐུ་གཉིས་ཀྱིས་གཙོས་ལས་སྣེ་ཁག་བདེ་སྲུང་འགན་འཁུར་བ་གནང་། མཁན་ཟུར་འཛམ་གླིང་སྤྲུལ་སྐུ་གཙོས་པའི་ལས་སྣེ་ཁག་གིས་དཔལ་འབྱོར་སྡེ་ཚན་གྱི་འགན་འཁུར་གནང་། མཁན་ཟུར་བཞག་པ་སྤྲུལ་སྐུ་དང་མཚན་ཉིད་རྒན་དགེ་བཤེས་བསྟན་པ་སོགས་ལས་སྣེ་ཁག་གཅིག་གིས་སྣེ་ལེན་འགན་འཁུར་གནང་། མཁན་ཟུར་གཙང་ཤུལ་སྤྲུལ་སྐུ་སོགས་ལས་སྣེ་ཁག་གཅིག་གིས་འཕྲོད་བསྟེན་སྡེ་ཚན་འགན་འཁུར་གནང་སྟེ། མདོ་ཁམས་འཇང་དགུན་ཆོས་ཆེན་མོ་སྐབས་བཞི་པའི་གོ་སྒྲིག་འཐུས་ཚང་གནང་།
མདོ་ཁམས་འཇང་དགུན་ཆོས་ཆེན་མོ་སྐབས་བཞི་པ་དངོས་སུ་འཚོགས་སྐབས་མཆོད་མཇལ་དུ་ཡོང་མཁན་རྒྱ་བོད་སུ་འདྲ་ཞིག་ཡིན་ནའང་ལྷད་མེད་ཀྱི་བོད་སྐད་གཙང་མ་རྒྱག་དགོས་པ་དང་། བོད་ཆས་ཆ་ཚང་བ་ཞིག་གྱོན་ན་མ་གཏོགས་དགོན་པའི་ལྕགས་རིའི་སྒོ་ཆེན་སོ་སོའི་ནང་གི་བདེ་སྲུང་མི་སྣ་རྣམས་ཀྱིས་མཆོད་མཇལ་དུ་གཏོང་གི་མེད་པ་རེད་འདུག གལ་སྲིད་མི་ཞིག་གིས་བོད་སྐད་ཀྱི་ནང་དུ་སྐད་རིགས་གཞན་བསྲེས་ལྷད་བྱས་ན། སྐད་ཆ་བཤད་ཡུལ་གྱི་མི་དེ་ལ་རྒྱ་སྒོར་ ༥༠ སྤྲོད་དགོས་པ་དང་། གལ་ཏེ་མི་དེས་རྒྱ་སྒོར་༥༠མ་སྤྲད་པ་ཡིན་ན། དགོན་པ་གཞུང་ལ་སྙན་སེང་ཞུས་ཚེ་དགོན་པ་གཞུང་ནས་ཉེས་ཆད་རྒྱ་སྒོར་༥༠༠གཏོང་རྒྱུ་བྱས་ཡོད་འདུག དེ་བཞིན་དུ་སྐད་ཡིག་རྒྱུན་འཛིན་ཚོགས་ཆུང་ཞེས་པ་ཞིག་རྒྱུན་དུ་མི་མང་གི་ཁྲོད་དུ་སོང་ནས། གནས་ཚུལ་གང་འདྲ་ཞིག་གི་ཐོག་སྐད་ཆ་ཤོད་བཞིན་པའི་སྐབས་བོད་ཀྱི་ནང་སྐད་རིགས་གཞན་ཞིག་ཤོར་ན། ཤོག་བྱང་ཆུང་ཆུང་ཞིག་མི་དེའི་ལག་ཏུ་སྤྲོད་ཀྱི་ཡོད་ཅིང་། ཤོག་བྱང་ཆུང་ཆུང་དེའི་ནང་དུ་༼སྐུ་ཉིད་ཀྱིས་བོད་སྐད་གཙང་མ་གསུངས་རོགས་༽ཞེས་འབོད་སྐུལ་ཞུས་ཡོད་འདུག
གཞན་ཡང་བདེ་སྲུང་གི་མི་སྣ་ཁག་གཅིག་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ལས་ཁུངས་སུ་སོང་ནས། ལི་ཐང་དགོན་ཆེན་གྱིས་གོ་སྒྲིག་འོག་ཏུ་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་འཚོགས་ཀྱི་ཡོད། དེའི་ཐོག་ལ་རྒྱལ་ཁབ་མགོ་རྟིང་བསློག་རྒྱུའི་ལས་འགུལ་གང་ཡང་མེད། འོན་ཀྱང་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་པས་མཐོང་མི་འདོད་པའི་ལས་འགུལ་ཁག་གཅིག་ཡོད། དཔེར་ན། མཚན་ཕུད་ཆེན་པོའི་སྐབས་སུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་སྤོས་དང་རྒྱ་གླིང་གི་སྣེ་དྲངས་ཏེ་གདན་འདྲེན་ཞུ་རྒྱུའི་མཚོན་མཛད་རིམ་ཁག་གཅིག་ཡོད། དེའི་ཐོག་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་པས་ཐེ་ཇུས་བྱས་ན། ང་ཚོ་ཡང་བྱེད་ཐབས་གང་ཡང་མེད་པར་འུ་ཐུག་མཆོང་རྒྱང་རྒྱག་སྲིད་པ་རེད། གལ་ཏེ་ཁྱོད་རང་ཚོ་ཡང་མཆོད་མཇལ་དུ་ཡོང་ཚེ་བོད་ཆས་གཙང་མ་གྱོན་ནས་ཤོག་མ་གཏོགས། རྒྱ་ཆས་དང་ཡང་ན་ཉེན་རྟོག་པའི་སྒྲིག་ཆས་གྱོན་ནས་ཡོང་མི་ཆོག་པ་དང་། བོད་སྐད་ཤེས་ན་ལྷ་རབ་དང་མི་ཤེས་ཚེ་ཁ་བཙུམས་ནས་སྡོད་དགོས་ཅེས་གསུངས་ཡོད་འདུག
མདོ་ཁམས་འཇང་དགུན་ཆོས་དངོས་སུ་འཚོགས་སྐབས་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་ཀྱི། དགེ་འདུན་ཞལ་གྲངས་ལྔ་སྟོང་ལྷག་ཙམ་འདུས་ཡོད་པ་དང་། ཉིན་བཅུའི་རིང་ལ་སྔ་དགོང་གཉིས་ལ་ཆོས་རའི་ནང་དུ་རྩོད་པ་རྩོད་རྒྱུ་དང་། ཉིན་གཉིས་རེ་བར་གྱི་ཉིན་གུང་ལ་བགྲོ་གླེང་འཚོགས་པ་དང་། གསུང་བཤད་གནང་མཁན་ལ་ལི་ཐང་དགོན་ཆེན་གྱི་མཁན་ལས་ཟུར་དང་གནད་ཡོད་མི་སྣ་ཁག་གཅིག དེ་བཞིན་ཕྱི་ལོགས་ནས་ཆེད་དུ་གདན་དྲངས་པའི་རྫ་སེར་ཤུལ་ཁྲི་པ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། དཀར་མཛེས་སྐྱབས་མགོན་སོགས་ཡིན་འདུག བགྲོ་གླེང་གི་བརྗོད་བྱ་ནི། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱེད་མིན་དང་། བོད་ལུང་ཚན་དང་མི་མང་བར་མཐུན་སྒྲིལ་གྱི་ཆེད་དུ་དགོན་སྡེ་གྲྭ་ཚང་གིས་འགན་ཇི་ལྟར་འཁུར་དགོས་མིན། ལྷག་པར་དུ་དགོན་པ་གྲྭ་ཚང་ནི་མི་མང་གི་ཁུར་པོ་དང་ཁྲག་འཇིབས་མཁན་ལྟ་བུ་མ་ཡིན་པར་དོན་དངོས་ཐོག་མང་ཚོགས་ལ་ཕན་ཐོགས་བྱེད་མཁན་ཡིན་པ་ར་སྤྲོད་ཇི་ལྟར་བྱེད་དགོས་མིན་སྐོར་ལ་གསུང་བཤད་གནང་སྟེ། མི་མང་གིས་དོགས་འདྲི་ལྷུག་པོར་བྱས་ཏེ་ཆེས་ཕུན་སུམ་ཚོགས་པོ་ཞིག་བྱུང་ཡོད་འདུག ཁྱད་པར་དུ་གསུང་བཤད་གནང་མཁན་རྣམས་ཀྱི་མགྲིན་དབྱངས་གཅིག་གྱུར་ཐོག་ནས། ཆོས་ལུགས་རིས་མེད་དང་མང་ཚོགས་མཐུན་སྒྲིལ་གྱི་བགྲོ་གླེང་འདི་ལྟ་བུ་ཞིག་གོ་སྒྲིག་བྱས་པ་འདི། ཆེས་ཧ་ཅང་ལེགས་པོ་ཞིག་རེད་ལ་གལ་ཆེན་པོ་ཞིག་ཀྱང་རེད། མ་འོངས་པ་ཡང་འདི་འདྲ་བའི་གོ་སྒྲིག་ཀྱང་གལ་ཆེན་པོ་ཡིན་པ་གསུངས་ཡོད་འདུག གཞན་ཡང་རྫ་སེར་ཤུལ་རིན་པོ་ཆེས་ལི་ཐང་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་ཕུལ་བ་དང་། གསུང་བཤད་གནང་མཁན་ཀུན་གྱིས་ལི་ཐང་སྐྱབས་མགོན་ལ་བསྟོད་བསྔགས་ཧ་ཅང་མང་པོ་དང་ཆེན་པོ་གནང་འདུག
ཆེས་གཟི་བརྗིད་ལྡན་པ་ཞིག་ནི་མཚན་ཕུད་ཀྱི་དགོང་མོར་ལི་ཐང་དགོན་ཆེན་གྱི་མཁན་ལས་ཟུར་དང་ལས་ཀྱི་སྣེ་མོ་བ་ཡོད་དོ་ཅོག་གིས། ༸གོང་ས་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གཉིས་སྤོས་སྣེ་དང་རྒྱ་གླིང་གིས་གདན་དྲངས་ཏེ་བཞུགས་ཁྲི་སྟེང་དུ་བཞུགས་སུ་གསོལ་བ་དང་། མང་ཚོགས་ཀྱིས་དད་པའི་ཐལ་མོར་སྦྱོར་བ་དང་། དགའ་བའི་ཐལ་མོ་བརྡབས་ཅིང་། དགའ་ཚོར་ཆེན་པོས་དཀར་གཙང་མཇལ་དར་གནམ་ལ་གཡུགས་ཏེ་མི་མང་རྣམས་ཀྱིས་ཅི་བྱེད་འདི་བྱེད་མི་ཚོར་བར། ཁ་ནས་དགའ་འབོད་སྣ་ཚོགས་བྱས་ཡོད་འདུག ཕྱོགས་མཚུངས་མི་མང་ཁག་གཅིག་གིས་བརྗོད་དོན་དེ་རིང་ནི་༸རྒྱལ་དབང་རིན་པོ་ཆེ་མཆོག་དངོས་སུ་མཇལ་བ་ལྟ་བུའི་ཚོར་སྣང་བྱུང་ཟེར།
དེ་ནས་དད་ལྡན་ཁག་གཅིག་གིས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཕྱྭའི་ཆེད་དུ། རྟ་ནོར་ལུག་གསུམ་སོགས་མང་དུ་ཕུལ་བ་རྣམས་ཚོང་པ་རྣམས་ཀྱིས་ཉོས་ནས། ཚེ་ཐར་བཏང་སྟེ་མི་མང་སྐྱོ་པོ་ཀུན་ལ་སྤྲད་ནས་དགེ་ལས་མང་པོར་བསྒྲུབས་ཡོད་འདུག མདོར་ན། འཇང་དགུན་ཆོས་ཆེན་མོ་འདི་ཆོས་ཀྱི་བྱེད་སྒོ་ཆེན་པོ་ཞིག་ཡིན་མོད། མི་རིགས་ཀྱི་ལ་རྒྱ་དང་མཐུན་སྒྲིལ་སོགས་ལའང་ཤིན་ཏུ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། དེ་བཞིན་དུ་སྐད་ཡིག་དང་ཆས་གོས་སོགས་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་མི་རྒན་པ་ཁག་གཅིག་གིས་བརྗོད་བྱུང་།
མདོ་ཁམས་འཇང་དགུན་ཆོས་འཚོགས་སྐབས་སུ་ལྷ་ས་དང་ཨ་མདོ་སོགས་ཆོལ་གསུམ་ཡོངས་ནས། མཆོད་མཇལ་དུ་ཡོང་མཁན་ཤིན་ཏུ་མང་པོ་ཡོད་པ་དང་། ཕྱི་ལོགས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཚོས་ཀྱང་ཡིད་སེམས་ཤིན་ཏུ་དགའ་ནས་བསྔགས་བརྗོད་མང་དུ་བྱས་ཤིང་། རྒྱ་མིའི་སྤྲང་པོ་ཡང་ཤིན་ཏུ་མང་པོ་བསླེབས་ཏེ། ཁོ་ཚོས་སྐད་འཁོར་ཆུང་ཆུང་ཞིག་གི་ནང་དུ་༸རྒྱལ་དབང་རིན་པོ་ཆེ་དང་བླ་ཆེན་ཁག་གི་གསུང་ཆོས་བཏང་ནས་སྒོར་མོ་འཚོལ་བཞིན་ཡོད་འདུག
སྐབས་དེར་རྒྱ་གཞུང་གིས་ཀྲུང་དབྱང་ཡེ་ཐེན་སོགས་གཞུང་འབྲེལ་གྱི་གསར་འགོད་པ་ཁག་གཅིག་གིས་བོད་ཆས་གྱོན་ནས་པར་དང་བརྙན་འཕྲིན་ཕབ་བཞིན་ཡོད་འདུག མང་ཚོགས་ཀྱིས་གསར་འགོད་པ་དེ་དག་གིས་འགྲེལ་བཤད་ལོག་པ་ཞིག་རྒྱག་མི་ཡོང་ངམ་སྙམ་པའི་དོགས་པ་བྱེད་བཞིན་ཡོད་པ་བརྗོད་བྱུང་བ་བཅས།།