ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་བོད་མདོ་ཁམས་ནག་ཆུ་འབྲི་རུ་རྫོང་ཆགས་རྩེ་ཤང་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ལགས་ཀྱིས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཤིང་ལོ་ཉི་ཤུ་རྩ་གཅིག་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱ་གཞུང་གིས་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ནས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༦ ཉིན་ཁོང་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་དཀོན་མཆོག་ལགས་འཛིན་བཟུང་བྱས་པ་ནས་བཟུང་ད་བར་ཁོང་གི་སྐོར་ཞིབ་ཕྲ་གནས་ཚུལ་ཤེས་རྟོགས་བྱུང་མེད། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ ཉིན་ཁོང་གི་ནང་མི་ཚོས་གཞི་ནས་དཀོན་མཆོག་ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཡིན་པ་ཤེས་རྟོགས་ཐུབ་སྟེ་ནང་མི་སྤུན་མཆེད་ཁག་གཅིག་སྨན་ཁང་དུ་དཀོན་མཆོག་ལགས་ལ་ཁྲག་སྦྱིན་པར་ཕྱིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཐུག་འཕྲད་བྱེད་བཅུག་མེད། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༦ གཟའ་སྤེན་པའི་ཉིན་སྨན་ཁང་དེར་གྲོངས་ཡོད་འདུག
ཁོང་གི་སྐད་ཆ་མཐའ་མ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་ནང་། ད་ལྟ་ང་ཆུ་ཁ་ཞིག་ལ་ཡོད། ངའི་རྒྱབ་ཏུ་ལྟ་རྟོག་བྱེད་མཁན་མང་པོ་འདུག་པས་ང་མགྱོགས་པོར་འཛིན་རྒྱུ་གཏན་འཁེལ་ཟིན་འདུག ང་བཟུང་སོང་རུང་སྐྲག་རྒྱུ་དང་བསད་སོང་རུང་འགྱོད་རྒྱུ་མེད། ཡིན་ནའང་དེ་རིང་ནས་ངས་གནས་ཚུལ་ཕལ་ཆེར་སྤྲད་ཐུབ་ས་མ་རེད། ང་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་ན་བཟུང་སོང་བའི་རྟགས་ཡིན། ཞེས་བཤད་ཡོད།
རྡུང་རྡེག་གི་རྐྱེན་པས་བོད་མི་དཀོན་མཆོག་སྦྱིན་པ་ལགས་འདས་གྲོངས་སུ་གྱུར་བར་བོད་མིིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧ་ཅང་བློ་ཕམ་དང་སྦྲགས་ཐུགས་གསོ་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ཆ་དཀོན་མཆོག་སྦྱིན་པ་ལགས་རྒྱ་ནག་གཞུང་གིས་རྡུག་རྡེག་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ལྟར་དེ་སྔ་ཟླ་བ་གཅིག་མ་ཕྱིན་པའི་གོང་བསྟན་འཛིན་ཉི་མ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད། བོད་ནང་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་འཛིན་བཟུང་བྱས་པ་དང་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད། རྒྱལ་སྤྱིའི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་མནར་གཅོད་ཀྱི་སྲིད་བྱུས་ངན་པ་དང་ཁྲིམས་འགལ་གྱི་ལག་བསྟར་ཁག་སྤེལ་བཞིན་པར་རྟོག་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། ཅེས་གསུངས།
སྤྱིར་དཀོན་མཆོག་སྦྱིན་པ་ལགས་ཀྱི་ཕའི་མིང་ལ་བསོད་ནམས་དབང་ལྡན་དང་མའི་མིང་ལ་པད་ལྷ་ཟེར། ཁོང་ནི་ཆུང་དུས་ནས་གྲྭ་བ་བྱས་ཞིང་འགོམ་དགོན་གསར་ཆོས་འཁོར་བྱམས་པ་གླིང་དུ་ཆོས་སྒོར་བཞུགས་མྱོང་བ་དང་ཕྱི་ལོ་ ༡༩༨༩ ཟླ་ ༡༠ ནང་བལ་ཡུལ་རྒྱུད་རྒྱ་གར་དུ་འབྱོར་ཡོད། ཕྱི་ལོ་ ༡༩༨༩ ཟླ་ ༡༠ ཚེས་ ༢༠ ཉིན་སྡེ་ར་སྡུན་བྱང་ཆུབ་གླིང་ཆོས་སྒར་དུ་སློབ་གཉེར་གནང་། ཕྱི་ལོ་ ༡༩༩༡ ཟླ་ ༤ ནང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་འཛུལ་བཞུགས་གནང་སྟེ་ཕྱི་ལོ་ ༡༩༩༦ ནང་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་ཐོན། དེ་ནས་ཝ་ཎ་མཐོ་སློབ་ཏུ་སློབ་གཉེར་གནང་། ཁོང་ནི་ཨིན་ཇི་དང་། ཧིན་དི། རྒྱ་སྐད་བཅས་ལ་རང་སྐྱ་འཕེལ་པོ་ཡོད། ཕྱི་ལོ་ ༡༩༩༨ ཙམ་ལ་ཕྱིར་བོད་དུ་ལོག བོད་དུ་སྣེ་ཤན་པའི་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་དང་སློབ་གསོའི་ཐོག་ཤུགས་སྣོན་བརྒྱབ་ཀྱི་ཡོད་པ་བཅས། །