༢༠༡༡ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །༸གོང་ས་མཆོག་ལ་ཊི་ཝི་ཊར་(Twitter)དྲ་རྒྱ་བརྒྱུད་འཕྲིན་གཏོང་གི་འབྲེལ་ལམ་ཞུ་མཁན་མི་གྲངས་ས་ཡ་གཉིས་བརྒལ་ཟིན་ཡོད་སྐོར་(IANS) ཞེས་པའི་གསར་འགྱུར་ཚན་པས་བཏོན་ཡོད། དེ་ཡང་གསར་འགྱུར་བརྒྱུད་ལམ་དེའི་ནང་གནས་ཚུལ་ཐོན་གསལ་ལྟར་ན་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༡ དང་སྐར་མ་ ༤༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲ་རྒྱའི་འཕྲིན་གཏོང་ཞལ་བྱང་ཐོག་འབྲེལ་ལམ་ཞུ་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་མི་གྲངས་ ༢༠༧༥༨༠༧ བརྒལ་ཟིན་ཡོད་པ་དང་། ༸གོང་ས་མཆོག་ལ་ཊི་ཝི་ཊར་དྲ་རྒྱ་བརྒྱུད་འཕྲིན་གཏོང་འབྲེལ་བ་ཞུ་མཁན་གྱི་གྲངས་འབོར་ད་ཆ་རྒྱ་གར་གྱི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་ཤ་རུག་ཁན་དང་(Sharukh Khan)སལ་མན་ཁན། (Salman Khan) དེ་བཞིན་རྒྱལ་ཡོངས་དབུག་རྩེད་པོ་ལོ་རྩེད་འགྲན་པ་ས་ཅིན་ཏེན་ཌུལ་ཀར།(Sachin Tendulkar) ཆོས་ཀྱི་དབུ་ཁྲིད་ཤི་རི་ཤི་རི་ར་ཝི་ཤང་ཀར་མཆོག(Sri Sri Ravi Shankar) བཅས་ལས་ཀྱང་མང་བ་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གནས་ཚུལ་དེ་དང་འབྲེལ་ནས་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཊི་ཝི་ཊར་དྲ་རྒྱའི་ཐོག་འཕྲིན་གཏོང་མཛད་པའི་དགོས་དམིགས་གཙོ་བོ་ནི་དད་ལྡན་མི་མང་རྣམས་དང་འབྲེལ་བ་ཡོང་ཆེད་ཡིན་པ་མ་ཟད། ལྷག་པར་རྒྱ་རིགས་གཞོན་སྐྱེས་ཚོར་བོད་ཀྱི་གནད་དོན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་མི་རིགས་ལ་ཁ་གཏད་བྱེད་རྒྱུ་ཞིག་མིན་པར་ད་ལྟའི་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་ལ་གདོང་ལེན་མཛད་རྒྱུ་དེ་ཡིན། གཞན་ཡང་༸གོང་ས་མཆོག་གིས་ཊི་ཝི་ཊར་འཕྲིན་གཏོང་བརྒྱུད་ལམ་དེའི་ཐོག་ནས་རྒྱ་རིགས་ཤེས་ཡོན་ཅན་ཚོར་ལམ་སྟོན་བཀའ་སློབ་སྩོལ་བཞིན་ཡོད་སྐོར་ཡང་གསལ་བཤད་གནང་ཡོད་པ་བཅས།།
༸གོང་ས་མཆོག་ལ་ཊི་ཝི་ཊར་དྲ་རྒྱ་བརྒྱུད་འཕྲིན་གཏོང་གི་འབྲེལ་ལམ་ཞུ་མཁན་མི་གྲངས་ས་ཡ་གཉིས་བརྒལ་ཟིན།
གསར་གནས།
འབྲེལ་གནས།