༢༠༡༠ ཟླ་ ༧ ཚེས་ ༢༠ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༠ རེས་གཟའ་མིག་དམར་གྱི་ཉིན་གུང་ཆུ་ཚོད་ ༡༢།༡༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནུབ་ར་ཐོ་ཡེ་སི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཁྲིག་སེ་རིན་པོ་ཆེ་མཆོག་དང་ས་གནས་རྫོང་དཔོན། ཉེན་རྟོག་དཔོན་རིགས་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་(MLA) དེ་བཞིན་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་གནམ་ཐང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༥༠ ཙམ་གྱི་སར་ཡོད་པའི་སུ་མུ་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བསྐྱངས་ཡོད། མགོན་པོ་གང་ཉིད་མཆོག་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་སུ་མུ་བསམ་གཏན་གླིང་དགོན་པར་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་པ་ཐུབ་བསྟན་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་བདེ་སྲུང་བཀའ་བློན་མཆོག ས་གནས་འགོ་འཛིན་དང་རང་བཙན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།