ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༣ ལོར་བོད་ཁམས་འབྲི་རུ་རྫོང་གི་བོད་མི་ཞིག་ལ་རྒྱ་གར་དུ་འགྲོ་མཁན་ཚོར་རོགས་བྱས་པའི་ཉེས་མིང་འོག་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ནའང་རྫོང་དེར་དམ་དྲག་ཆེ་བར་བརྟེན་གནས་ལོ་བདུན་ཙམ་གྱི་རྗེས་སུ་གནས་ཚུལ་གཞི་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ཁག་གཅིག་གིས་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཡས་མས་སུ་འབྲི་རུ་རྫོང་ཙྭ་ལ་ཡུལ་ཚོའི་མེ་རི་གྲོང་ཚོ་ནས་ཡིན་ཞིང་། ལོ་ན་ ༣༤ ཙམ་ལ་སོན་པའི་སྐྱེས་པ་རྣམ་དག་ཞུ་བ་ཞིག་འཛིན་བཟུང་བྱས་པ་མ་ཟད། ཁོང་ལ་རྒྱ་གར་དུ་འགྲོ་མཁན་ཚོར་རོགས་བྱས་པའི་ཉེས་མིང་འོག་ནས་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཆུ་ཤུར་བཙོན་ཁང་དུ་བཅུག་ཡོད་འདུག
སྐབས་དེར་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་མི་དྲུག་བདུན་ཞིག་ཀྱང་རྣམ་དག་དང་མཉམ་དུ་བཙོན་འཇུག་བྱས་པ་དང་། ཁོང་ཚོ་ཚང་མར་ལོ་ངོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འོན་ཀྱང་བཙོན་འཇུག་གི་ལོ་ཚད་ཙམ་ལས་མིང་དང་ལོ་ཚད། དེ་བཞིན་ཉེས་མིང་གང་གི་ཐོག་ནས་ཁྲིམས་ཐག་བཅད་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། རྒྱ་ནག་གཞུང་གིས་རྣམ་དག་ལ་རྒྱུ་ལྷག་གི་ན་ཚ་བྱུང་ཡོད་པའི་རྐྱེན་གྱིས་ཁོང་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མིན་ཞེས་བཤད་དེ། འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ལ་ཁོང་གི་ནང་མི་དང་ཉེ་འབྲེལ་ཚོར་ཁོང་ལ་ཐུག་འཕྲད་གང་ཡང་བྱེད་བཅུག་མི་འདུག་སྟབས། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཀྱིས་གཙོས་ཞིབ་ཕྲའི་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་ཐབས་བྲལ་ཡོད།
ཕྱི་ལོ་ ༢༠༡༣ ཙམ་ལ་རྒྱ་གར་དུ་ཕྱིན་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་ཙྭ་ལ་ཡུལ་ཚོའི་ཡུལ་མི་སུམ་ཅུ་ཙམ་ལ་ལོ་ངོ་གཉིས་ཙམ་རིང་ལྷ་སར་བཙོན་འཇུག་བྱས་པ་དང་། བཙོན་ཁང་དུ་ཁོང་ཚོས་རྡུང་རྡེག་དང་ནད་གཞི་འདྲ་མིན་གྱི་དཀའ་སྡུག་སྣ་ཚོགས་མྱངས་པའི་ཐོག བཙོན་གྲོལ་ཐོབ་པའི་རྗེས་སུའང་ལོ་གསུམ་རིང་དབྱར་རྩྭ་དགུན་འབུ་རྐོ་བའི་ཐོབ་ཐང་བཙན་འཕྲོག་བྱས་པ་དང་། རྫོང་སྲིད་གཞུང་ནས་ཁོ་ཚོ་བསམ་བློའི་སློབ་གསོར་འགྲོ་དགོས་པའི་བཙན་བཀའ་བཏང་སྟེ་དབྱར་རྩྭ་དགུན་འབུ་རྐོ་བའི་རིང་ལ་རྒྱ་གཞུང་གི་རྡོ་སྔོག་པ་དང་། ལམ་བཟོ་བ་སོགས་བྱེད་དུ་བཅུག་ཡོད་པ་མ་ཟད། ཁོ་ཚོར་ད་ལྟའི་ཆར་ལའང་ཡུལ་ཚོ་དང་རྫོང་ནས་དགོངས་པ་མ་ཞུས་ཚེ་ས་གནས་གཞན་ལ་འགྲོ་སྐྱོད་མི་ཆོག་པ་ཆགས་ཡོད་འདུག
དེ་བཞིན་ས་གནས་སྲིད་གཞུང་ནས་ནང་མི་གང་རུང་རྒྱ་གར་དུ་ཡོད་པའི་ཁྱིམ་ཚང་རྣམས་དུས་ནས་དུས་སུ་ཡུལ་ཚོའི་ཐོག་འབོད་འགུགས་བྱེད་ཀྱི་ཡོད་པ་དང་། གལ་ཏེ་རྒྱ་གར་ལ་འབྲེལ་བ་བྱས་པ་དང་། སྒོར་མོ་བཏང་བ་སོགས་བྱས་ཚེ་དབྱར་རྩ་དགུན་འབུ་རྐོ་བའི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༦ པར་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་ནས་ཡིན་པའི་བསྟན་འཛིན་ཐར་པ་དང་། ཁོང་གི་ཞང་པོའི་བུ་མོ་ལྷ་མོ་གཉིས་རྒྱ་གར་དུ་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་རྗེས། ལྷ་མོ་བཀག་ཉར་གྱིས་དྲི་རྩད་དང་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་གྱུར་ཡོད།