ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢ རེས་གཟའ་ཟླ་བ།
༄༅། ༢༠༠༨ ཕྱི་ཟླ་ ༠༦ ཚེས་ ༠༡ རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཏཱ་ཇ་མལ་མགྲོན་ཁང་དུ་ཨིན་གྲུ་ནི་ཤི་ཡ་དང་། ཨ་་གྷ་ནི་སེ་ཐན། མལ་ཌེ། ཇོར་ཌན། སི་རི་ལང་ཁ་བཅས་ཀྱི་མཁས་དབང་དང་། ཆོས་ལུགས་ཁག་གི་བླ་མ། དབུ་ཁྲིད། ཆབ་སྲིད་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་འདུས་པའི་འཇིགས་སྐུལ་རིང་ལུགས་སྐོར་གྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་བར་བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་དེ་ཚོགས་འདུ་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་རེད།
བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཏཱ་ཇ་མལ་མགྲོན་ཁང་དུ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་སྐོར་གྱི་རྒྱས་བསྡུས་མཁས་པའི་བགྲོ་གླེང་དབུ་འབྱེད་བཀའ་དྲིན་བསྐྱངས་སྐབས།དབུ་འབྱེད་ཀྱི་གསུང་བཤད་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཁ་ཆེའི་ཆོས་པ་རྣམ་དག་ཤིག་ཡིན་ན་འཇིག་རྟེན་བྱེད་པ་པོའི་བཀོད་པ་ཐ་དག་ལ་སེམས་པ་རྣམ་དག་གིས་དབྱེ་བ་མེད་པ་གནང་དགོས་ཀྱི་རེད། ཅེས་དང་། ངོས་ཀྱི་ཁ་ཆེའི་གྲོགས་པོ་ཞིག་གིས་གསུང་བྱུང་། ཁ་ཆེའི་ཉམས་ལེན་པ་ངོ་མ་ཞིག་ཡིན་ན་རང་ཉིད་ཀྱིས་ཨ་ལ་ལ་དད་གུས་ཇི་ལྟར་ཞུས་པ་བཞིན་དེས་བཟོས་པའི་བཀོད་པ་ཐ་དག་ཉམས་ལེན་བྱེད་དགོས་ཀྱི་རེད། ཅེས་གསུངས་བྱུང་། དེར་བརྟེན་ནང་པའི་ཆོས་ཀྱི་ནང་། སེམས་ཅན་ཐམས་ཅད་ལ་བརྩེ་བ་བྱེད་དགོས་ཀྱི་ཡོད་ལུགས་གསུངས་པ་ལྟར་དོན་ལ་གཅིག་མཚུངས་རེད་འདུག ཅེས་བཀའ་སྩལ་ཡོད་པ་རེད།
འཇིགས་སྐུལ་དྲག་སྤྱོད་སྐོར་ལ་བཀའ་སྩལ་དོན། ཐམས་ཅད་ཀུན་སློང་བཟང་ངན་ལ་རག་ལུས་པར་བརྟེན་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་བ་དེ་ཡང་ཀུན་སློང་ལས་བྱུང་བ་ཞིག་ཡིན་སྟབས་ཀུན་སློང་ལ་བཟོ་བཅོས་གཏོང་ཐབས་ངེས་པར་དུ་བྱེད་དགོས་ཀྱི་རེད། བྱ་བ་བཟང་ངན་ཐ་དག་ཀུན་སློང་ལས་ཡོང་གི་ཡོད་སྟབས། ཀུན་སློང་ལ་བཟོས་བཅོས་མ་བཏང་བར་བྱ་ཐབས་མེད། ཅེས་བཀའ་སྩལ་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སྩལ་དོན། གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མིན་འདྲ་ཚང་མའི་བར་ཞི་མཐུན་མཉམ་གནས་ཀྱི་གོ་རྟོགས་སྤེལ་ཐབས་ལ་ཕན་པའི་སྲི་ཞུ་སྒྲུབ་རྒྱུ་ཡིན་པ་དང་། ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་འགྲོ་བ་མི་ལ་ཕན་ཐོགས་ཡོང་བ་བྱེད་རྒྱུ་དེ་ཡིན་སྟབས་ཧུར་བརྩོན་བྱེད་དགོས། ཅེས་བཀའ་སྩལ་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཆེའི་ཕྱག་འཚལ་ལྷ་ཁང་ཆེ་ཤོས་ཇ་མཌེ་ཨུ་ལ་མ་ཨ་ཧིཌ་ལ་གནས་གཟིགས་སུ་ཆིབས་སྒྱུར་སྐབས།
དེ་རྗེས་རྒྱ་གར་དབུས་གཞུང་གི་ཚན་རིག་དང་འཕྲུལ་ཆས་ཀྱི་བློན་ཆེན་མཆོག་ནས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་དོན། ཆོས་ལུགས་དང་འཇིགས་སྐུལ་རིང་ལུགས་གཉིས་མཉམ་བསྲེས་གཏོང་རྒྱུ་མཚམས་འཇོག་དགོས་པ་དང་། ཆབ་སྲིད་ཀྱི་ལག་ཆར་སྐུལ་སྤྱོད་བྱེད་རྒྱུ་མཚམས་འཇོག་དགོས་པ་སོགས་འཇིགས་སྐུལ་དྲག་སྤྱོད་པ་ཉུང་དུ་གཏོང་སླད་དུ་དོན་ཚན་བཅུའི་ཐོག་ལག་ལེན་དོན་ཁྱོལ་ཡོང་བའི་དགོངས་ཚུལ་གསུངས་པ་དང་སྦྲགས། ཆོས་ལུགས་འདྲ་མིན་བར་འཁོན་འཛིན་སྤངས་ནས་མཐུན་གནས་ཡོང་ཐབས་གནང་དགོས་པའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུ་དེར་ཨ་་གྷ་ནི་སེ་ཐན་གྱི་སྲིད་འཛིན་ཟུར་པ། ཇོར་ཌན་རྒྱལ་པོའི་སྐུ་ཚབ་རྒྱས་སྲས་གྷ་ཛིའི་བིན་མུ་ཧཱ་མུཌ། རྒྱ་གར་གྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན། ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན། གཞན་ཡང་ཡི་ཤུའུ་དང་། ཧིན་ལྷུ། ཇིའུ་སོགས་ཀྱི་ཆོས་ལུགས་ཁག་གི་བླ་མ་དང་། རྒྱལ་སྤྱིའི་མི་སྣ་མང་པོ་ཞིག་ཚོགས་བཞུགས་གནང་ཡོད་པ་རེད།
དེ་ཉིན་དགོང་དྲོ་ཆུ་ཚོད་ ༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིའི་ཁ་ཆེའི་ཕྱག་འཚལ་ཁང་དུ་གནས་གཟིགས་དང་ཆོས་ལུགས་ཁག་གི་མི་སྣ་ལྷན་འཛོམས་ཐོགས་ཐུགས་སྨོན་གསོལ་འདེབས་བཀའ་དྲིན་སྩལ་ཡོད་པ་རེད།། །།