༢༠༡༡ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་ཡིག་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་གྲུབ་རྗེས་དཔལ་ལྡན་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུང་མོང་ནས་གསར་གཏོད་དང་བསྒྱུར་བཅོས་ཅན་གྱི་དབུ་ཁྲིད་གཅིག ཅེས་པའི་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་སྐོར་བྱང་ཨ་རིའི་སྐུ་ཚབ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས། དེ་རྗེས་་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་བཞིན་གསོལ་རས་སྩལ། དེ་ཡང་བཀའ་ཁྲི་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་རྒྱུ་མཚན་བོད་ཡིག་ཐོག་བྲིས་པ་དེ་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་དང་། དབྱིན་ཡིག་ཐོག་བྲིས་པ་དེ་སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་སྒྲོགས་སྦྱང་ཞུས། གཟེངས་རྟགས་དེ་ནི་ཆུ་ཤེལ་ལས་བཟོས་པའི་རྣམ་རྒྱལ་མཆོད་རྟེན་ཡིན་འདུག དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བདམས་ཐོན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་དར་ཕུལ།
གསར་གཏོད་བསྒྱུར་བཅོས་ཅན་གྱི་དབུ་ཁྲིད།
༸དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མཛད་རྗེས་ཆེས་འབུར་དུ་ཐོན་པ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་མང་གཉིས་བཙན་བྱོལ་ལ་ཆིབས་སྒྱུར་སྐྱོང་དགོས་བྱུང་སྐབས་ཆིབས་རྗེས་སུ་འབྲངས་ཏེ་སིམ་ལ་དང་། རྡོར་གླིང་། ཌལ་ཧོར་བཅས་གཏན་སློབ་གསུམ་གྱི་ནང་ཆོས་དགེ་དང་སློབ་སྤྱི་གནང་སྟེ། སློབ་གྲྭའི་ཤེས་ཡོན་དང་སྒྲིག་ལམ་ཀུན་སྤྱོད་གང་ཐད་ལ་ཡར་རྒྱས་བཏང་ཡོད།
ཕྱི་ལོ་ ༡༩༧༡ ནས་ ༢༠༠༠ ལོ་བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཛད་ཁུར་བཞེས་ཤིང༌། ཁོང་ཐོག་མར་དེར་ཕེབས་སྐབས་སློབ་གཉེར་ཁང་གི་མིང་ཙམ་ལས་མེད་ཀྱང་། ཁོང་གི་ལམ་སྟོན་དང་དབུ་ཁྲིད་འོག་དེང་སང་ཝཱ་ར་ཎ་སི་གཙུག་ལག་སློབ་གྲྭ་དེ་བཞིན། བོད་ཕྱི་ནང་གཉིས་ཀྱི་སྐྱེ་བོ་ཀུན་གྱིས་བསྟོད་ས་དང་། སྨོན་ཡུལ་ཞིག་ཏུ་གྱུར་ཡོད། དེ་བཞིན་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱ་གར་དབུས་གཞུང་ལྟ་གྲུབ་ཉམས་ཞིབ་ཁང་གི་རྒྱལ་ཡོངས་སློབ་སྟོན་པའི་མཛད་ཁུར་བཞེས་པས་མཚོན། རིག་གཞུང་སློབ་གཉེར་ཁང་དང་ཚོགས་སྡེ་མང་པོའི་ནང་གནད་ཆེའི་འགན་བཞེས་གནང་བ་རྣམས་ཡིག་ཚོགས་དབང་གིས་འདིར་འགོད་ཐབས་མ་མཆིས།
ཕྱི་ལོ་ ༡༩༩༠ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཐུགས་འགན་རྐང་བཞེས་ཐོག ཕྱི་ལོ་ ༡༩༩༡ ནས་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོར་བསྟུད་མར་ཐེངས་གཉིས་བདམས་ཐོན་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ལ་རླབས་ཆེའི་ལེགས་བཅོས་གནང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་མཚོན་ཁྲིམས་དང་སྒྲིག་གཞི་ཁག་གཏན་འབེབས་དང་། འཛིན་སྐྱོང་གི་ལས་དོན་ཁག་ལ་ལྟ་སྐུལ་གྲོས་འདོན་ཚད་ལྡན་གནང་ཐུབ་པ་བྱུང་བར་བརྟེན། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་ཀུན་གྱི་མཐོང་ཆོས་སུ་ཡོད་པའི་མདུན་སྐྱོད་ཆེན་པོ་གནང་ཐུབ་པ་བྱུང་།
ཕྱི་ལོ་ ༢༠༠༡ ནས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པར་བསྟུད་མར་སྐབས་གཉིས་བདམས་ཐོན་བྱུང་རིང་། གཞུང་གི་ལས་དོན་ཡོངས་རྫོགས་བདེན་པ་དང་འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ཀྱི་རྒྱ་ལས་མི་བརྒལ་བའི་ཐོག བཙན་བྱོལ་བོད་མིའི་ཤེས་ཡོན་དང་། འཕྲོད་བསྟེན། ཉམ་ཐག་ལ་གཟིགས་སྐྱོང་སོགས་ཀྱི་ཐད་གསར་གཏོད་དང་ལེགས་བཅོས་རང་བཞིན་གྱི་སྲིད་བྱུས་གཏན་འབེབས་དང་། གཞུང་དངུལ་དོ་དམ་དང་སྟངས་འཛིན་གྱི་ལམ་ལུགས་སྲ་བརྟན། ཁོར་ཡུག་ལ་མི་གནོད་ཅིང་འཕྲོད་བསྟེན་ལ་ཕན་པའི་སྐྱེ་ལྡན་གྱི་སོ་ནམ་དར་སྤེལ། ཚན་རིག་སོགས་ཀྱི་ཐ་སྙད་གསར་པ་བོད་སྐད་ནང་ཕབ་སྒྱུར་དང་གཏན་འབེབས། གཞུང་གི་ལས་དོན་ཡོངས་རྫོགས་ཕྱི་གསལ་ནང་གསལ་དང་ཁྲིམས་མཐུན་ཅན་དུ་བསྒྱུར་བ་སོགས་མཛད་དེ། གསར་གཏོད་དང་བསྒྱུར་བཅོས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནི་ཕྱི་ནང་གི་རིག་པའི་གནས་ཀུན་དང་སྐད་རིགས་མང་པོར་དབང་འབྱོར་བས་གསུང་རྩོམ་དང་གསུང་བཤད་ཀྱི་ཚིག་དོན་ཀུན་ཉན་ན་སྙན་ཞིང་བསམ་ན་དོན་ཆེ་བ། ཆོས་སྲིད་རིག་གནས་གང་ལའང་ལེགས་བཤད་ལྡན་པ་ཤ་སྟག་ཡིན་ཞིང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་ཆ་ཐམས་ཅད་ནས་རྟོགས་ཐབས་ཐོག དེ་དག་ཚུལ་བཞིན་སྒྲུབ་ཐབས་ལ་མཛངས་དཀྱེལ་ཆེ་ཐོག བོད་སྤྱིའི་བསྟན་སྲིད་ལ་ཞབས་འདེགས་ཕན་ཐོགས་པ་སྒྲུབ་ཐབས་མ་གཏོགས། ཆོལ་ཁ་ཆོས་ལུགས་དང་ལུང་ཚན་ཤོག་ཁག་གི་འཐེན་འཁྱེར་དང་། སྒེར་གྱི་བླ་བྲང་སྡེར་གཏོགས་སྐྱོང་ཐབས་སོགས་ཀྱི་དགོངས་པ་ཕྲ་མོ་ཙམ་ཡང་མི་མངའ་བས། བོད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཚང་མས་མངོན་པར་བསྔགས་ཤིང་བཀུར་བའི་དབུ་ཁྲིད་འབུར་དུ་ཐོན་པ་ཞིག་ཏུ་གྲུབ།
གཞན་ཡང་སྐབས་དེར་བྱང་ཨ་རིའི་སྐུ་ཚབ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་རྒྱ་གར་ནང་གཟེངས་སུ་ཐོན་པའི་བོད་ཕྲུག་ལྔ་ལ་རིག་པའི་ཆུ་གཏེར་གྱི་ཤེས་ཡོན་རྒྱུན་ཁྱོངས་(PhD)བྱེད་ཆེད་སློབ་ཡོན་ཨ་སྒོར་ ༢༩ ༨༨༢ གནང་རྒྱུའི་ལས་གཞི་ལག་བསྟར་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་འབུལ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།