༢༠༡༡ ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་སྐུ་མ་རི་ཨོ་ཊེ་རོ་ (Mario Otero) མཆོག་གིས་བོད་དོན་བགྲོ་གླེང་གི་གླེང་སྟེགས་སྒོར་མོའི་ཚོགས་འདུར་ལྷན་ཞུགས་གནང་སྟེ་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ད་ལྟ་སྐུའི་འཕྲོད་བཞེས་གསལ་ཐང་ངང་འཚོ་བཞིན་བཞུགས་ཡོད་པའི་གནས་སྐབས་འདིར། རྒྱ་ནག་དཔོན་རིགས་ཚོས་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་སེལ་ཏེ་འབྱུང་འགྱུར་རྒྱ་བོད་མི་རིགས་གཉིས་ཞི་བདེ་དང་བརྟན་ལྷིང། འཆམ་མཐུན་ངང་འཚོ་གནས་ཡོང་རྒྱུའི་གོ་སྐབས་བཟུང་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་དེ་ནི་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡིན། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ནི་རྒྱ་ནག་གཞུང་དང་བོད་མི་གཉིས་ཀའི་གནད་དོན་ཞིག་ཡིན། ང་ཚོས་རྒྱ་ནག་གཞུང་ལ་དྲན་གསོ་གཏོང་དགོས་པ་ཞིག་ནི་བོད་ཀྱི་དཀའ་ངལ་དེ་འཚེ་བ་མེད་པའི་ལམ་ནས་སེལ་དགོས་རྒྱུ་དེ་བོད་མི་ཕལ་ཆེ་བའི་མངོན་འདོད་ཡིན་པ་དང་།
བོད་མི་ཚོས་རང་བཙན་མི་རྩོད་པར་རང་གི་ཆོས་དང་རིག་གཞུང་དེ་བཞིན་ཁོར་ཡུག་གི་ཛ་དྲག་གནས་སྟངས་བཅས་སྲུང་སྐྱོབ་ཆེད་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྩོད་ཀྱི་ཡོད། དཀའ་ངལ་དེ་དག་ལ་རྒྱ་ནག་གཞུང་གིས་བསམ་ཞིབ་མ་བྱས་པར་དེ་ལས་ལྡོག་སྟེ་སྲིད་བྱུས་ལག་བསྟར་བྱས་པ་དེས་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཡར་རྒྱས་ལ་འགོག་རྐྱེན་བཟོ་རྒྱུ་ཞིག་ལས་མ་འདས། ཨ་རིའི་སྲིད་གཞུང་གིས་རྒྱ་ནག་དང་བོད་རང་སྐྱོང་ལྗོངས། དེ་བཞིན་བོད་མིའི་གནས་ཡུལ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་ཁྲིད་བྱེད་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། ཆབ་སྲིད་དང་འབྲེལ་བ་མེད་པའི་བོད་མི་གྲགས་ཅན་མི་སྣ་མང་པོ་འཛིན་བཟུང་བྱས་པ་དང་བོད་ནང་དྲག་ཆས་དམག་མི་དང་སྐོར་སྲུང་བ་ཕོན་ཆེ་འགྲེམས་འཇོག་བྱས་པ་དེས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་ལ་དཀའ་ངལ་ཇི་འདྲ་ཡོད་མེད་གསལ་པོར་ངོ་འཕྲོད་ཐུབ། ཕྱོགས་མཚུངས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་ནས་དགེ་འདུན་པ་མང་པོ་ཞིག་བཙན་དབང་འོག་ཕྱིར་འབུད་བྱས་པ་དེ་ནི་བློ་འཚབ་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད།
གཞུང་འབྲེལ་མིན་པའི་ཚོགས་པས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ཡོད་པའི་བོད་མི་ཚོར་རོགས་རམ་བྱེད་བཞིན་པ་དེར་ང་ཚོས་དཀའ་ངལ་ལ་མ་འཛེམས་པར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་མ་ཟད། ལྷོ་ཨེ་ཤི་ཡའི་ནང་བོད་མི་སྐྱབས་བཅོལ་བ་རྣམས་ལའང་རོགས་རམ་མུ་མཐུད་བྱེད་རྒྱུ་དང་། ཨ་རིའི་ནང་སྲིད་ལས་ཁུངས་དང་ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ཁང་གཉིས་ཀས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། བོད་ནང་བོད་མི་ཕོན་ཆེ་གནས་སྡོད་བྱེད་སའི་ས་ཁུལ་ནང་བོད་ཀྱི་ཆོས་དང་རིག་གཞུང། ཁོར་ཡུག་གི་གནས་སྟངས་བཅས་སྲུང་སྐྱོབས་ཆེད་ལས་རིགས་འདྲ་མིན་གྱིས་རོགས་རམ་བྱེད་རྒྱུ་ཡིན། ཞེས་སོགས་གསུངས་ཡོད། གླེང་སྟེགས་སྒོར་མོའི་ཚོགས་འདུ་དེ་ནི་ཟླ་ ༧ ཚེས་ ༡༣ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡ བར་ཨ་རིའི་གྲོས་ཚོགས་གོང་མའི་རས་སེལ་ལས་ཁུངས་ཀྱི་ཁང་ཨང་ ༤༡༨ ནང་ (Russell Senate Office Building,Room 418) དུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་ཞུས་རྗེས་དེང་སྐབས་བོད་མི་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གལ་གནད་ཇི་ཙམ་ཆགས་ཡོད་མེད་སྐོར་དང་བོད་རྒྱ་གྲོས་མོལ་གྱི་འབྲེལ་ལམ་བཅས་ཀྱི་གནད་དོན་སྐོར་གྱི་གླེང་སྟེགས་སྒོར་མོའི་ཚོགས་འདུ་ཞིག་ཡིན་པ་དང་། ཚོགས་འདུ་གཙོ་སྐྱོང་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ཤེ་རོ་ཌི་བྷོ་རོན་(Sherrod Brown) མཆོག་ཡིན་འདུག གཞན་ཡང་ཚོགས་འདུའི་སྐབས་བགྲོ་གླེང་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་ཨཀྱཱ་རིན་པོ་ཆེ་མཆོག ཝར་ཇི་ནི་ཡ་གཙུག་ལག་སློབ་གྲྭའི་ཆོས་ལུགས་ཚན་པའི་གཙུག་ལག་སློབ་དཔོན་སྐུ་ཞབས་ཌེ་ཝི་ཌི་གར་མ་ནོ་(Prof.David Germano) ལགས། ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་བཅས་ཡིན་པ་དང་། ཚོགས་འདུ་གོ་སྒྲིག་གནང་མཁན་ནི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པ་(The Cogressional-Executive Commission on China)ཡིན་འདུག་པ་བཅས།།