༢༠༡༡ ཟླ་ ༧ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་མདུན་ཐང་དུ་སྔ་དྲོ་ཆུ་ཚོད་ ༨ ཐོག་ཁུལ་དེར་གནས་སྡོད་སེར་སྐྱ་མི་མང་ ༢༠༠༠ བརྒལ་བ་འདུ་འཛོམས་ཀྱི་གཟབ་མཆོར་ལེགས་པར༌སྤྲས་ཏེ་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་ནས་སེང་ཕྲེང་དང་བཅས་གདན་ཞུས་ཀྱི་བཞུགས་ཁྲི་རིན་པོ་ཆེ་ར་འཁོད་པ་དང་བསྟུན་རྒྱལ་བའི་འཁྲུངས་ལྷའི་གསོལ་མཆོད་དང་། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསངས་མཆོད། སྐུ་རླུང་དར་འཛུགས། དར་ཆེན་ལ་ན་བཟའ་སྒྲོན་འབུལ་སོགས་རྒྱས་འབུལ་ཞུས། མཛད་སྒོ་དངོས་གཞི་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་ཁང་གི་བཀའ་བློན་བསྟན་པ་ཚེ་རིང་མཆོག་དང་། ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས། བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་དང་སྤྱི་འཐུས་དབུ་དཀར་གཡུ་སྒྲོན་ལགས། རྒྱ་གར་བ་སྐུ་ཞབས་ Shri Chanddu Bhutia ལགས་སོགས་ཀྱི་བཞུགས་ཁྲིར་མཇལ་དར་སྒྲོན་འབུལ་རྗེས་བོད་ཁྱིམ་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་ལྡན་མཉམ་གཞས་གྲུབ་བསྟུན་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ས་གནས་འགོ་འཛིན་གྱིས་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་དུས་ཆེན་དང་འབྲེལ་བའི་ལས་བསྡོམས་རྩིས་ཁྲ་སྒྲོགས་སྦྱང་ཡང་གནང། དེ་རྗེས་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་རྗེས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་གསུང་བཤད་གནང་། དེ་ནས་ས་གནས་འགོ་འཛིན་ནས་ཁྲིམས་རྩོད་པ་ཚེ་རིང་དོན་གྲུབ་ལགས་དང་། དཀར་བསྟན་ཚེ་རིང་ལགས་གཉིས་ཁྲིམས་ཡིག་དགོངས་དོན་ལྟར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་འགོད་ལག་འཁྱེར་ཞུས་ཐོབ་བྱུང་དོན་བཞིན་ཁྱབ་ཁོངས་མང་ཚོགས་ཀྱི་ཤེས་རྟོགས་ཆེད་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོས་ཁྲིམས་རྩོད་པ་གཉིས་ལ་མཇལ་དར་རེ་གནང་། བོད་ཁྱིམ་ཉིན་སློབ་ཀྱི་སློབ་ཕྲུག་དང་ས་གནས་ཚོགས་པ་ཁག་གི་གཞས་སྣ་འཁྲབ་སྟོན་རྗེས་བརྒྱ་དཔོན་རྡོ་རྗེ་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། དེ་ནས་བརྒྱ་འཐུས་ལས་ཁུངས་ཀྱིས་ལས་རིགས་སྦྱོང་བརྡར་ལྟེ་གནས་ནས་གདན་ཞུས་ཆེད་གཉེར་བ་ཚོས་གསོལ་ཚིགས་བཟོས་པ་རྣམས་སྐུ་མགྲོན་དང་སེར་སྐྱ་མིང་མང་རྒན་གཞོན་ཡོངས་ལ་རྒྱས་འབུལ་ཞུས་ཏེ་སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་གྲོལ་བ་བཅས་སུ།།
ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།