ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བྱིས་སྒྲུང་རྩོམ་འབྲི་དང་བོད་སྒྱུར་ཟབ་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་བསྐོང་ཚོགས་བྱེད་བཞིན་ཡོད།
དེ་ཡང་ཨ་རིའི་ཐད་ཀའི་རོགས་དངུལ་འོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སླར་གསོའི་ལས་འཆར་ཁོངས་འབྱུང་འགྱུར་ལོ་གཉིས་ནང་གཞི་རིམ་བར་མ་དང་གོང་མའི་ཆེད་བོད་སྒྱུར་སྒྲུང་དེབ་ ༤༠ འདོན་སྤེལ་བྱ་འཆར་ཡོད་པ་བཞིན། ཕྱི་ལོ་༢༠༢༠ ཟླ་ ༧ པའི་ནང་སྒྲུང་དེབ་སྒྱུར་མཁན་ ༥ དང་རི་མོ་འབྲི་མཁན་ ༡ འདེམས་སྒྲུག་གིས། ལོ་གཉིས་རིང་ས་རཱ་མཐོ་སློབ་ཏུ་ཆོད་གན་ལས་བྱེད་ཐོག་བསྐོ་གཞག་གནང་ཡོད།
གོང་གསལ་བོད་སྒྱུར་བ་དང་རི་མོ་འབྲི་མཁན་རྣམས་ཀྱིས་ལས་དོན་འགོ་འཛུགས་མ་བྱས་གོང་བྱིས་པའི་སྒྲུང་དེབ་རྩོམ་འབྲི་དང་བོད་སྒྱུར་གྱི་སྦྱོང་བརྡར་དགོས་གལ་ཆེ་བ་བཞིན། ཕྱི་ལོ་༢༠༢༠ ཟླ་ ༨ ཚེས་ ༢༤ ནས་ ༢༩ བར་ཉིན་གྲངས་དྲུག་རིང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་རྐང་འགན་འོག་བོད་ཀྱི་བྱིས་པའི་རྩོམ་རིག་དང་དེའི་གལ་གནད། ནང་དོན་དང་རྣམ་པ་འདྲ་མིན་གྱི་སྒྲུང་རྩོམ་འབྲི་ཐབས། བྱིས་པར་དཔེ་ཀློག་གི་གོམས་གཤིས་བསྐྲུན་ཐབས་དང་། བྱིས་པས་དགའ་མོས་བྱེད་པའི་དཔེ་དེབ་སྐོར། བྱིས་པའི་གནས་ཚད་ལ་དཔགས་པའི་སྐད་ཡིག་བཀོལ་སྤྱོད་གནང་ཐབས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་གནང་བཞིན་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་གོང་གསལ་ཆེད་བསྐོས་མི་སྣ་དྲུག་དང་། ཤེས་རིག་ལས་ཁུངས་ཀྱི་བྱིས་སྒྲུང་གཙོ་འགན་རྩོམ་སྒྲིག་པ། ཕ་ཡུལ་རྩོམ་སྒྲིག་པ། བྱིས་སྒྲུང་བོད་སྒྱུར་བ་སོགས་མཉམ་ཞུགས་གནང་བཞིན་ཡོད། ཟབ་སྦྱོང་གི་ཚོགས་ཐུན་མང་ཆེ་བ་དྲ་ཐོག་ནས་གནང་བཞིན་ཡོད་པ་དང་། དྲ་ཐོག་ནས་ཟབ་ཁྲིད་གནང་མཁན་ཁོངས་རྒྱ་གར་གྱི་སྙན་གྲགས་ཆེ་བའི་བྱིས་སྒྲུང་རྩོམ་པ་པོ་ཨ་ནུ་ཤི་ཀ་ར་བི་ཤན་ཀར་དང་། ཨར་བིནད་ཨ་ན་ཐཱ་རམ། མ་ལ་ཀུ་མར། ཨ་རི་གནས་བཞུགས་བསྟན་འཛིན་སྐལ་བཟང་བཅས་ཡོད་པ་རེད། དེ་བཞིན་དངོས་སྦྱོང་ཚོགས་ཐུན་སྐབས་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུད་དྷཱ་སྐྱབས་ལགས་དང་། སྐལ་བཟང་དབང་འདུས་ལགས། འཇམ་དབྱངས་རྒྱལ་མཚན་ལགས་བཅས་ཀྱིས་ཟབ་ཁྲིད་གནང་བཞིན་ཡོད།
ཟབ་སྦྱོང་གི་ཉིན་མཐའ་མར་ཤེས་རིག་ལས་ཁུངས་ཀྱི་བྱིས་སྒྲུང་བོད་སྒྱུར་དང་འབྲེལ་བའི་གལ་གནད་ངོ་སྤྲོད་གནང་འཆར་ཡོད་པ་བཅས། །