ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་དང་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ལས་ཁང་གི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡ ཉིན་བྱང་ཨ་རི་ནང་སྔ་དྲོ་ཆུ་ཚོད་ ༡༠ དང་། རྒྱ་གར་ནང་ཕྱི་དྲོ་ཆུ་ཚོད་ ༧།༣༠ ཐོག་དྲྭ་ལམ་བརྒྱུད་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གོང་འཕེལ་གཏོང་ཐབས་སུ་ཁྱད་ལས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས། ཀོ་ལུམ་བྷི་ཡའི་མཐོ་སློབ་ཁང་གི་བོད་ཡིག་དགེ་རྒན་བསྟན་འཛིན་སྣང་གསལ་ལགས་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བགྲོ་གླེང་བསྐོང་ཚོགས་གནང་དགོས་པའི་དགོས་དམིགས་སྐོར་གསུང་དོན། བྱང་ཨ་རི་དང་ཁེ་ན་ཌའི་ནང་བོད་མི་ ༣༥༠༠༠ ཙམ་ཡོད་པ་མ་ཟད། སློབ་གྲྭ་གྲངས་ ༢༤ དང་སློབ་ཕྲུག་གྲངས་ ༡༦༠༠ ཡོད། དེ་བཞིན་དགེ་རྒན་གྲངས་ ༡༢༠ ཙམ་ཡོད་སྟབས། བྱང་ཨ་རི་དང་ཁེ་ན་ཌའི་ཁུལ་དུ་བོད་མིའི་གྲངས་འབོར་འཕེལ་དང་འཕེལ་མུས་རེད། བྱང་ཨ་རི་དང་ཁེ་ན་ཌ་ཁུལ་གྱི་གཟའ་མཇུག་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སྦྱང་བར་སློབ་ཁྲིད་ཀྱི་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད། གཙོ་བོ་དགེ་རྒན་རྣམ་པའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་གོང་འཕེལ་གཏོང་ཐབས་སུ་དམིགས་ཏེ་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་སོགས་གསུངས།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་རེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་དོན། སྔར་བཀའ་དྲིན་ཅན་གྱི་ཆོས་རྒྱལ་གོང་མ་ཚོས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་གསུངས་པ་བཞིན། བོད་དང་རྒྱ་གཉིས་བསྲེས་ཀྱང་འདྲེས་མི་ཐུབ་པ་དེ་ག་རེ་བྱས་ནས་བྱུང་བ་རེད་དམ་ཞེ་ན། དེ་ནི་རང་རང་གི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་དང་། སྐད་ཡིག རིག་གཞུང་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་དེས་ཁ་གྲགས་ཀྱི་ཡོད། ཅེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རིག་གཞུང་སྐོར་བཀའ་སློབ་བསྩལ་བ་ལུང་འདྲེན་གནང་བ་དང་འབྲེལ་སྤྱིར་འཛམ་གླིང་ཡོངས་ལ་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་བདུན་སྟོང་ཙམ་ཡོད་པ་དང་། དེའི་ནང་ནས་སྐད་ཡིག་བཞི་སྟོང་ཙམ་ལ་ཡིག་གཟུགས་མེད། བོད་ཀྱི་སྐད་ཡིག་ལ་ཡིག་གཟུགས་ཚད་དང་ལྡན་པ་ཡོད་པ་མ་ཟད། ནང་པའི་གཞུང་སྦྱོང་དགོས་ནའང་བོད་ཡིག་དེ་ཡག་ཤོས་ཆགས་ཡོད། ཅེས་བོད་ཡིག་གི་གལ་གནད་སོགས་ཀྱི་སྐོར་གསུངས།
རྒན་མིང་ཆུང་ལགས་ཀྱིས་བོད་ཡིག་སློབ་ཁྲིད་ཐབས་ལམ་སྐོར་གསུང་དོན། ཡི་གེ་བསླབ་པར་རྩལ་བཞི་ཡོད་དེ་འབྲི་རྩལ་དང་། ཀློག་རྩལ། ཉན་རྩལ། ཤོད་རྩལ་བཅས་ཡིན་ཞིང་། གཙོ་བོ་ངས་ཀློག་རྩལ་ཐོག་ཞུ་རྒྱུ་ཡིན། སློབ་ཕྲུག་གཅིག་ཀློག་བཟང་པོ་ཡོད་པ་ལ་བརྟེན་ནས་འབྲི་རྩལ་དང་། ཀློག་རྩལ། ཉན་རྩལ། ཤོད་རྩལ་བཅས་ཡོང་གི་ཡོད། ཐོག་མར་བོད་ཡིག་སློབ་ཁྲིད་གནང་སྐབས་གསལ་བྱེད་སུམ་ཅུ་དང་སྒྲ་གདངས་དག་པོ་ཡོང་བར་ཡི་གེའི་སྐྱེ་གནས་བརྒྱད་བསླབ་དགོས། ལས་དང་པོ་བའི་སློབ་ཕྲུག་ཅིག་ལ་ཐོག་མར་བོད་ཡིག་སློབ་ཁྲིད་གནང་སྐབས་གསལ་བྱེད་སུམ་ཅུ་གོ་རིམ་ལྡན་པའི་སློབ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་དང་། ང་རོའི་རྩ་བ་གཞིར་བཞག་ཐོག་སློབ་ཁྲིད་གནང་སྟངས། ཡི་གེའི་སྐྱེ་གནས་བརྒྱད་སློབ་ཁྲིད་གནང་སྟངས་བཅས་སོགས་ཀློག་རྩལ་སློབ་ཁྲིད་ཐབས་ལམ་སྐོར་གསུངས།
རྒན་བསྟན་འཛིན་སྣང་གསལ་ལགས་ཀྱིས་སྐད་ཡིག་གཉིས་པའི་སློབ་ཁྲིད་ཐབས་ལམ་དང་འབྲེལ་ནས་སློབ་གྲྭའི་དགེ་རྒན་གཅིག་པུའི་འགན་མ་ཡིན་པར་སློབ་ཕྲུག་གི་ཕ་མ་ཚོས་ཀྱང་རང་གི་ཕྲུ་གུ་ལ་བོད་སྐད་བཤད་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས། །