༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༠། ༣༠ ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ཁྲིམས་རྩོད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (Human Rights law Network) དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཟུང་འབྲེལ་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིགས་གཞུང་ཉམས་ཉེས། (Imposing Modernity With Chinese Characteristics:The fate of Tibetan Civilization) ཞེས་པའི་དཔེ་དེབ་དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དབུ་འབྱེད་གནང་ཡོད། དེ་ཡང་སྐབས་དེར་རྒྱ་གར་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཨཱ་ནན་ཌ་ཀུ་མཱར་(Dr. Anand Kumar) ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དབུ་རྒྱན་བསྟན་འཛིན་ལགས་རྣམ་གཉིས་ཀྱིས་གསར་འགོད་པ་ཚོར་དཔེ་དེབ་ངོ་སྤྲོད་དང་འབྲེལ་རྒྱབ་ལྗོངས་གནས་ཚུལ་རྣམས་གསལ་བཤད་གནང་ཡོད། དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་གནང་བ་དང་སྦྲགས་དཔེ་དེབ་ཀྱི་གལ་གནད་སྐོར་གསལ་བཤད་གནང་དོན།
རྒྱ་མིས་བསམ་བཞིན་དུ་བྱས་མིན་ལ་མ་ལྟོས་པར་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་འགྲོ་བཞིན་ཡོད་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་བཀའ་ཕེབས་བཞིན་ཡོད། ༸གོང་ས་མཆོག་གི་བཀའ་སློབ་དེར་གཙིགས་ཆེར་འཛིན་ཏེ་བོད་ཀྱི་རིག་གཞུང་རྩ་མེད་འགྲོ་བཞིན་པའི་གནས་ཚུལ་ཁུངས་སྐྱེལ་ར་སྤྲོད་མཚོན་ཆེད་སྙན་ཐོ་འདི་འདྲ་ཞིག་ཚོགས་པ་གཉིས་ཐུན་མོང་གིས་འབད་བརྩོན་གནང་སྟེ་བཏོན་ཐུབ་པ་ནི་གཟིད་བརྗིད་ལྡན་པའི་གྲུབ་འབྲས་ཤིག་རེད། སྙན་ཐོ་འདི་རིགས་དེ་སྔ་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་སྤྱིའི་ཁྲིམས་རྩོད་ཚོགས་ཆུང་ཞིག་ཡོད་པ་དེ་ནས་ཕྱི་ལོ་ ༡༩༥༩ ལོའི་སྙན་ཐོ་ཞིག་བཏོན་ཡོད། དེ་རྗེས་ཕྱི་ལོ་ ༡༩༦༠ ལོ་དང་དེ་ནས་སྙན་ཐོ་མཐའ་མ་དེ་ཕྱི་ལོ་ ༡༩༩༡ ལོར་བཏོན་ཡོད། ཕྱི་ལོ་ ༡༩༥༩ ལོའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བསམ་བཞིན་དུ་བོད་རིགས་རྩ་མེད་གཏོང་བཞིན་ཡོད་པ་གསལ་ཡོད། སྙན་ཐོ་དེར་གཞི་བཞག་སྟེ་རིམ་བཞིན་ཕྱི་ལོ་ ༡༩༦༡ །༡༩༦༥ སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་གྲོས་ཆོད་བཞག་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྐུ་ཞབས་ཨཱ་ནན་ཌ་ཀུ་མཱར་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་འདུག་ཅེས་པའི་སྐྱོན་བརྗོད་དེ་རྒྱུ་མཚན་ལྡན་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནམ་ཡང་ན་འཁྱོག་བཤད་གང་ཡིན་འཚོལ་ཞིབ་བྱ་རྒྱུ་དེ་དཔེ་དེབ་འདིའི་དགོས་དམིགས་གཙོ་བོ་ཡིན། ཕྱི་ལོ་ ༡༩༦༠ ལོའི་ཕྱི་ཟླ་ ༨ ནང་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ (International Commission of Jurist) ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པ་ར་སྤྲོད་བྱས་ཡོད། དེ་སྔ་རྒྱ་ནག་གཞུང་གིས་བོད་དེ་ཞིང་བྲན་ལམ་ལུགས་ནས་བཅིངས་གྲོལ་བཏང་ཡོད་སྐོར་དང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་མེ་འཁོར་གྱི་ལྕགས་ལམ་འཛུགས་སྐྲུན་དང་ཤེས་ཡོན་ལམ་ལུགས་གསར་གཏོད་བྱས་པ། བོད་མིའི་འབྲོག་པ་ཚོར་ཁང་པ་གསར་བཟོ་བྱས་པའི་དེང་རབས་འཛུགས་སྐྲུན་གྱི་འཚོ་བ་གསར་པ་ཞིག་སྦྱིན་པར་བརྟེན། བོད་མི་ཚོ་བདེ་སྐྱིད་ཀྱི་དཔལ་ཡོན་ལ་རོལ་བཞིན་ཡོད་སྐོར་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་དེ་དོན་དངོས་ཐོག་བོད་ནང་རྒྱ་མི་རིགས་སྤོ་ཤུགས་དང་བོད་མི་རིགས་ཀྱི་སྐད་ཡིག ཆོས་དང་རིག་གཞུང་གི་གནས་སྟངས། དེ་བཞིན་བོད་མི་ཚོའི་སེམས་ནང་ཚོར་བ་ཇི་འདྲ་ཞིག་ཡོད་པ་སོགས་གསལ་བཤད་བྱས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲུབ་ཡོད་པ་བཅས།།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དང་བོད་ཀྱི་རིགས་གཞུང་ཉམས་ཉེས། ཞེས་པའི་སྙན་ཐོའི་དཔེ་དེབ་དབུ་འབྱེད་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)