༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢ རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ཉི་ཧོང་དང་བོད་རིགས་མི་གྲངས་ ༢༠༠ ཙམ་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ཕེབས་པའི་དགའ་སྟོན་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་མཛད་སྒོའི་ཐོག་མར་མགོན་པོ་གང་ཉིད་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཚོགས་བཅར་བ་རྣམས་ནས་མཇལ་ཁ་ཞུས་གྲུབ་བསྟུན། རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་རྗེས་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་སྤྱི་དང་བྱེ་བྲག་འཛམ་གླིང་ཁྱོན་ཡོངས་སུ་བྱམས་བརྩེ་དང་ཞི་བདེ། དྲང་བདེན། བཟོད་བསྲན། མང་གཙོའི་རིང་ལུགས་སོགས་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་གོང་མཐོར་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་རྣམས་མདོར་བསྡུས་ཤིག་ངོ་སྤྲོད་གནང་།
གཞན་ཡང་སྐབས་དེར་ཉི་ཧོང་མང་གཙོ་ཚོགས་པའི་ཚོགས་མི་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་ས་ཡི་ཤུ་མཆོག་གིས་༸གོང་ས་མཆོག་དགུང་གྲངས་ ༧༦ ཕེབས་པའི་དགའ་སྟོན་རྟེན་འབྲེལ་གྱི་བཀྲིས་སྨོན་མདུན་ཞུས་པ་དང་ཆབས་གཅིག་རྒྱ་མིའི་དཔོན་རིགས་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུའི་ཚབ་ཏུ་མང་གཙོ་དང་འཆམ་མཐུན་གྱི་སྤྱི་ཚོགས་གང་འདྲ་སྐྲུན་དགོས་མིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་མིག་དཔེ་ལེན་དགོས་ཞེས་སོགས་ཀྱི་གསུང་བཤད་གནང་། ད་ལྟའི་ཆར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་ཁག་གཅིག་ཉི་ཧོང་གཞུང་འཛིན་ཚོགས་པའི་གནད་ཡོད་མི་སྣ་དེ་ཆགས་ཡོད། ཉི་ཧོང་མང་གཙོ་ཚོགས་པས་རྒྱ་ནག་དང་འབྲེལ་བ་ཇེ་བཟང་དུ་གཏོང་འདོད་ཡོད་ཀྱང་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་མངོན་འདོད་གང་མྱུར་བསྒྲུབ་ཐུབ་པ་བྱེད་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། གཞན་ཡང་སྐབས་དེར་ཀོ་ཡ་སན་གཙུག་ལག་སློབ་གྲྭའི་ (Koyasan University) སྐུ་ཚབ་སྐུ་ཞབས་ཝ་ཀ་ཡ་མ་ཀན་ལགས་ཀྱིས་༸གོང་ས་མཆོག་སྔ་ལོ་ཉི་ཧོང་དུ་ཆིབས་སྒྱུར་སྐབས་ཉི་ཧོང་ས་གནས་སེར་སྐྱ་མི་མང་ཚོར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་སྐོར་གྱི་གསུང་བཤད་གནང་། ཕྱོགས་མཚུངས་སྐབས་དེར་ཝ་སེ་ཌ་གཙུག་ལག་སློབ་གྲྭའི་སློབ་དཔོན་ལྕམ་སྐུ་ཨི་ཤི་ཧ་མ་ལགས་ཀྱིས་༸གོང་ས་མཆོག་གིས་ཉེ་ལམ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་འབྲེལ་ཡོལ་ཆ་ཚང་ཞུས་གནང་མཛད་དེ་ད་ཆ་བཙན་བྱོལ་བོད་མི་ཚོས་མང་གཙོའི་ལམ་ནས་དབུ་ཁྲིད་འདེམས་བསྐོ་བྱས་ཡོད་པ་དེ་བོད་ཀྱི་བྱུང་རབས་ཁྲོད་འགྱུར་མཚམས་ཆེན་པོ་ཞིག་ཡིན་སྐོར་གསུངས། དེ་བཞིན་སྐུའི་འཁྲུངས་སྐར་དགའ་སྟོན་ཆེད་གཞས་དང་ཞབས་བྲོ་སོགས་གླུ་གར་གྱི་ལམ་ནས་འཁྲབ་སྟོན་འདྲ་མིན་དང་བོད་ཀྱི་ཁ་ཟས་རིགས་ཀྱང་བཤམས་སྟོན་གནང་ཡོད།
མཛད་སྒོའི་མཐའ་མར་ཉི་ཧོང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མང་ཚོགས་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། དེ་ཉིན་སྐུའི་འཁྲུང་སྐར་སྲུང་བརྩི་ཞུ་ཆེད་ཉི་ཧོང་གི་ཆེད་ལས་དཔར་པ་སྐུ་ཞབས་ཨུ་སུ་ཡི་(Usui) ལགས་ཀྱིས་༸གོང་ས་མཆོག་གི་སྐུ་དཔར་འགྲེམས་སྟོན་སྟབས་བདེ་ཞིག་གོ་སྒྲིག་གནང་ཡོད། མཛད་སྒོའི་སྐབས་ཨོ་ཀི་ན་ཝ་དང་ཀོ་ཡུ་ཤུ། ཨོ་ས་ཀ སོགས་ཉི་ཧོང་གི་ས་གནས་འདྲ་མིན་ཁག་ནས་མི་མང་མཉམ་འཛོམས་བྱུང་ཡོད། སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཕྱི་ཉིན་དེར་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་ (Seoul) དུ་ཕེབས་ཏེ་༸གོང་ས་མཆོག་དགུང་གྲངས་ ༧༦ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཐེངས་དང་པོར་སྲུང་བརྩི་དང་གསུང་བཤད་གནང་ཡོད། སྐབས་དེར་ཀོ་རི་ཡ་དང་བོད་རིགས་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱུང་འདུག་པ་བཅས།།
ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ནང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།