༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༦ ཉིན་དཀར་མཛེས་ཁྲོམ་གཞུང་དུ་ཡོད་པའི་ལམ་བྲག་རིན་པོ་ཆེས་མི་མང་ཉམ་ཐག་ཚོའི་ཆེད་དུ་བཙུགས་གནང་བའི་སྨན་ཁང་ཆུང་གྲས་ཤིག་ཡོད་པ་དེའི་སྨན་པ་བཙུན་མ་འཆི་མེད་དང༌། སྨན་སྤྲོད་བཙུན་མ་ཆོས་དགའ་གཉིས་ས་གནས་རྒྱ་གཞུང་སྤྱི་བདེ་མི་སྣས་གྲྭ་བཙུན་སུ་ཡིན་ཡང་གྲོང་ཁྱེར་ནང་གང་བྱུང་དུ་འགྲོ་མི་ཆོག་པ་དང་། གལ་སྲིད་ནད་མནར་བྱུང་ཚེ་ས་གནས་དང་ཤང་གི་འགོ་ཁྲིད་བརྒྱུད་ཡི་གེ་བླངས་ཏེ་ཁག་ཐེག་ལས་བྱེད་མི་གཅིག་དང་མཉམ་དུ་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བཙན་བཀའ་བཏང་བ་ལྟར། ཁོང་གཉིས་སྨན་ཁང་དུ་འགྲོ་བའི་ལམ་བར་ཉེན་རྟོག་པས་ཁྲོམ་དུ་བསྐྱོད་རྒྱུའི་ལག་འཁྱེར་མེད་པར་བསྙོན་འཛུགས་ཀྱིས་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་བཙོན་འཇུག་བྱས་ཏེ་ད་ཆར་བཙུན་མ་ཆོས་དགའ་དཀར་མཛེས་ས་གནས་བཙོན་ཁང་དུ་ཡོད་ཚུལ་ཙམ་ལས། བཙུན་མ་འཆི་མེད་གར་ཡོད་ཤེས་རྟོགས་མེད་པའི་གནས་སུ་གྱུར་བ་མ་ཟད། ཞིབ་ཕྲའི་ཁོང་གཉིས་ལ་ནག་ཉེས་ཅི་ཡོད་ཀྱང་ཁ་གསལ་གང་ཡང་མི་འདུག སྒེར་གཉེར་སྨན་ཁང་ཆུང་གྲས་དེའི་སྨན་པ་དང་སྨན་སྤྲོད་གཉིས་ཀ་འཛིན་བཟུང་བྱས་པར་བརྟེན་ས་གནས་ས་ཐོག་ཏུ་ཉམ་ཐག་མི་མང་ལ་ཕན་ཐོགས་ངེས་ཅན་ཡོད་པའི་སྨན་ཁང་དེ་ད་ལྟ་སྨན་པ་མེད་པར་གྱུར་ཡོད་འདུག
རང་ལོ་ ༣༧ ཡིན་པ་བཙུན་མ་འཆི་མེད་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཁོག་བཙན་ཨ་རུ་ར་གྲོང་། ཕ་རྡོ་རྗེ་ཚེ་རིང་དང་། མ་ངག་དབང་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས། ཆུང་དུས་ནས་ལམ་བྲག་བཙུན་དགོན་དུ་ཆོས་འགོར་ཞུགས་ནས་ཕྱི་ལོ་ ༡༩༩༣ ཡས་མས་ནས་ལམ་བྲག་རིན་པོ་ཆེའི་བཀའ་ལྟར་སྨན་ལ་སྦྱང་པ་མཐར་ཕྱིན་བྱས་རྗེས་ལམ་བྲག་སྒེར་གཉེར་སྨན་ཁང་ ༼ལམ་བྲག་རིན་པོ་ཆེས་མི་མང་ཉམ་ཐག་ཚོའི་ཆེད་དུ་བཙུགས་པའི་དཀར་མཛེས་ཁྲོམ་གཞུང་དུ་ཡོད་པའི་སྨན་ཁང་ཞིག་རེད།༽ དུ་བོད་རྒྱ་ཟུང་འབྲེལ་གྱི་སྨན་པ་གནང་སྟེ་ཉིན་ལྟར་ཉམ་ཐག་ནད་པ་བརྒྱ་ཕྲག་བརྒལ་བར་ལྟ་རྟོག་གནང་བཞིན་ཡོད། དེ་བཞིན་རང་ལོ་ ༣༥ ཡས་མས་ཡིན་པ་བཙུན་མ་ཆོས་དགའ་ནི་སྐྱེས་ཡུལ་དཀར་མཛེས་རྫོང་། ཁྱིམ་དཀར་གྲོང་། ཕ་ངག་དབང་དགེ་འདུན་དང་། མ་བུ་མོ་བཀྲ་ལུ་གཉིས་སུ་སྐྱེས། ཆུང་དུས་ནས་ལམ་བྲག་བཙུན་དགོན་ཆོས་འགོར་དུ་ཞུགས་ཏེ་ལོ་མང་རིང་ལམ་བྲག་སྨན་ཁང་དུ་སྨན་གཡོག་བྱས།
ཕྱོགས་མཚུངས་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་དཀར་མཛེས་སུ་ངོ་རྒོལ་མུ་མཐུད་བྱུང་སྟེ་གནས་ཚུལ་གསར་པ་ཤེས་རྟོགས་བྱུ་བར་གཞིགས་ན། ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༢༣ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་གཉིས་པ་ཙམ་ལ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། བསོད་ནམས་གྲགས་པ་དང། བློ་བཟང་བསྟན་འཛིན་གཉིས་ཀྱིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་རང་བཙན་ཡིན་ཞེས་སོགས་སྐད་ཤུགས་ཆེན་པོས་ཞི་རྒོལ་སྐད་འབོད་ཁྲོམ་སྐོར་བྱས་ཞོར་ཡིག་ཆ་མང་པོ་འགྲེམས་གཏོར་གནང་འདུག འོན་ཀྱང་ཁོང་གཉིས་ཀྱི་ཡིག་ཆ་ནང་དོན་གང་ཡིན་གསལ་ཁ་མ་ཤེས་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གཉིས་ལ་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ཁོང་གཉིས་སུ་ཡིན་ཁ་གསལ་མ་ཤེས་ཀྱང་གཅིག་གི་མགོ་ལ་ལྕགས་རྒྱུག་ཚད་མེད་གཞུས་པས་ཕྱི་ཉིན་ཡང་ཁྲོམ་གཞུང་དུ་ཁྲག་གི་ཚོས་ཡོད་པ་གོ་བྱུང་།
རང་ལོ་ ༢༡ ཡིན་པ་བསོད་ནམས་གྲགས་པ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ལྷོ་པ་ཤང་། འབྲུག་ལང་གྲོང་། ཕ་བསོད་ནམས་དར་རྒྱས་དང་། མ་དབྱངས་དགའ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས།
བློ་བཟང་བསྟན་འཛིན་ནི་། དཀར་མཛེས་རྫོང་། ལྷོ་པ་ཤང་། འབྲུག་ལང་གྲོང་། ཕ་རིག་འཛིན་དཔལ་བཟང་དང་། མ་ཚེ་འདས་ཡ་མ་མཐར་སྐྱིད་གཉིས་སུ་སྐྱེས་ཤིང་། རང་ལོ་ ༢༦ ཡིན་འདུག པ་བཅས།།
།།