ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༠ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་པས་ལོ་འཁོར་སྙན་ཐོ་བཏོན་འདུག དེའི་ནང་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་ཤོག་གྲངས་ ༢༩ ཡོད་ཅིང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཟེར་བས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་རྣམ་གཞག་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་སྲོལ་རྒྱུན་གྱི་ལམ་ལུགས་ལ་ཇུས་གཏོགས་བྱེད་བཞིན་པ་དེ་དག་ཁ་གསལ་བཀོད་འདུག
སྙན་ཐོ་འདོན་འཕྲལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་རི་ཤི་ Jim Risch མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཆེད་འཛུགས་འཐབ་ཕྱོགས་གཅིག་གྱུར་ཟེར་བའི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གནང་འདུག དེ་ཡང་ཁོང་གིས་ “མ་འོངས་པར་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པས་ཐག་གཅོད་ཞུ་རྒྱུའི་རྣམ་འགྱུར་བསྟན་པ་དེ་ནི་འཛམ་གླིང་གི་ནང་པ་ཡོངས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད། དེ་ནི་འཛམ་གླིང་ཁྱོན་དུ་ཆོས་དད་རང་དབང་ལ་ཉེན་ཁ་ཞིག་ཆགས་རྒྱུ་ངེས་པ་རེད། རྒྱ་ནག་དམར་ཤོག་གིས་ཡེ་ཤུའི་ལྷ་ཁང་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད། ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེའི་མི་མང་ས་ཡ་མང་པོ་བཙོན་འཇུག་བྱེད་བཞིན་ཡོད། ” ཅེས་གསུངས།
སྐུ་ཞབས་ཇིམ་རི་ཤི་ Jim Risch མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཡིན་སྟབས། ཨ་རིའི་གྲོས་ཚོགས་ནང་ “བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་གསར་པ་ Act 2019 (H.R.4331) གཏན་འབེབས་ཐག་གཅོད་གནང་རྒྱུའི་དབང་ཚད་ཀྱང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་སྐུ་ཞབས་ཇིམ་རི་ཤི་མཆོག་དང་མཇལ་འཕྲད་གནང་སྟེ་ཁྲིམས་འཆར་དེ་ངེས་པར་གཏན་འབེབས་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་འདུག ཁྲིམས་འཆར་གསར་པ་དེ་ལྟར་ན་འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ནང་པ་ཁོ་ནར་ཡོད་ཅིང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་སུས་ཀྱང་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་བདམས་པ་བྱུང་ཚེ་ཨ་རིའི་གཞུང་གིས་བྱེད་གཏེ་དེར་ཉེས་ཆད་དགལ་རྒྱུ་ཡིན་པ་རེད། བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་གསར་པ་ Act 2019 (H.R.4331) དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ ཉིན་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་ཟིན་ཡང་ད་ཆ་གྲོས་ཚོགས་གོང་མའི་ནང་གོ་བསྡུར་སྦྱངས་བཤད་གནང་མཐར་ཐག་གཅོད་གནང་རྒྱུ་ཡིན་པ་བཅས། །