ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༦ ཉིན་UNPO ཞེས་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་ལྷན་ཚོགས་དེ་བཞིན་དྲ་ལམ་བརྒྱུད་ཚོགས་པར་སྦར་སེལ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་མཉམ་ཞུགས་གནང་འདུག སྐབས་དེར་རྒྱལ་ཁབ་བརྒྱད་ནས་འགན་འཛིན་མཉམ་ཞུགས་གནང་འདུག་ཅིང་། ལྷན་ཚོགས་སྐབས་དེ་སྔའི་ལྷན་ཚོགས་ཐོག་བཞག་པའི་གྲོས་ཆོད་ཐོག་གོ་བསྡུར་སྦྱངས་བཤད་དང་། གནད་དོན་གསར་པ་ཁག་གཅིག་ཐོག་གོ་བསྡུར་ལྷུག་པོ་བྱུང་འདུག ཕྱོགས་མཚུངས་འདས་པའི་ལོར་ལས་དོན་ཇི་སྤེལ་ལས་བསྡོམས་ངོ་སྤྲོད་དང་། ཚོགས་མི་གསར་པ་ངོ་སྤྲོད་གནང་བ་དང་། གཞན་ཡང་འབྱུང་འགྱུར་ལྷན་ཚོགས་ས་གནས་གང་དུ་ཚུགས་འོས་གོ་བསྡུར་དང་། རྩི་ཁྲ་ངོ་སྤྲོད་གནང་བ།
ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཀྱི་གནས་བབ་དང་བསྟུན་ནས་UNPOཚོགས་མི་རྣམས་ཀྱིས་ལས་དོན་སྤེལ་སྐབས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཇི་འཕྲད་ཉམས་མྱོང་བརྗེ་ལེན་གནང་འདུག སྐབས་དེར་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཚོགས་པའི་ལས་དོན་སྤྱི་དང་། ལྷག་པར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཚགས་ཚུད་སྤེལ་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སླད་ཀྱང་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབད་བརྩོན་གནང་རོགས་ཞེས་སོགས་འབོད་སྐུལ་ཞུ་ཐུབ་པ་བྱུང་འདུག གཞན་ཡང་རིག་འཛིན་ལགས་ཀྱིས་བོད་དོན་སྐོར་གྱི་བསམ་འཆར་ཁག་གཅིག་ཕུལ་བ་དེའི་ཐོག་དྲུང་ཆེ་དང་ལྷན་གོ་བསྡུར་གནང་རྒྱུའི་ཐག་གཅོད་བྱུང་འདུག ལྷན་ཚོགས་རྗེས་མ་དེ་ཕྱི་ལོ་ ༢༠༢༡ ནང་ཚུགས་རྒྱུ་ཡིན་ཡང་ད་ལྟའི་ཆར་གནས་ངེས་མེད་ཡིན་འདུག་པ་བཅས།།