༢༠༡༡ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༩ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཀེན་བྷེར་རའི་(Canberra)ནང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གདན་ཞུའི་ཚོགས་ཆུང་ཐུན་མོང་གིས་གོ་སྒྲིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་འགྲེམས་སྟོན་ཞུས་འདུག
དེའི་སྐོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་གསུང་དོན། སྐུ་པར་འགྲེམས་སྟོན་ཞུས་པ་དེའི་ནང་༸གོང་ས་མཆོག་གི་ཡང་སྲིད་ཐོག་མར་ངོས་འཛིན་ཞུ་སྟངས་དང་། དེ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ས་མཚམས་ལ་༸ཞབས་སོར་འཁོད་རྗེས་ཐོག་མར་གསར་འགོད་གསལ་བསྒྲགས་བསྐྱངས་པ་དང་། ཕྱོགས་མཚུངས་ཕྱིས་སུ་ཨོ་སི་ཊོ་ལི་ཡའི་ནང་ཆིབས་སྒྱུར་གྱིས་མཛད་འཕྲིན་རྒྱ་ཆེ་བསྐྱངས་པ། དེ་བཞིན་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་སྐུ་པར་སོགས་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་སྙིང་བསྡུས་ཀྱི་སྐུ་པར་ཕྱོགས་བསྒྲིགས་ཞུས་ཏེ་འགྲེམས་སྟོན་ཞུས་པ་ཞིག་ཡིན། འགྲེམས་སྟོན་འདི་བཞིན་ཕྱི་ཚེས་ ༢༩ ཉིན་དབུ་འཛུགས་ཞུས་ཏེ་འདིར་འདུས་ཕྱི་ནང་མི་རིགས་རྣམས་ལ་ཕྱི་ཟླ་ ༧ པའི་ཚེས་ ༧ བར་འགྲེམས་སྟོན་ཞུ་རྒྱུ་ཡིན། དེ་བཞིན་སི་ཌེ་ནི་བོད་རིགས་ཚོགས་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཚེས་ ༩ ཉིན་རེས་གཟའ་སྤེན་པ་དང་སྟབས་བསྟུན་སྲུང་བརྩི་ཞུ་རྒྱུ་ཡིན་པ་དེར་འགྲེམས་སྟོན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་བཅས། །
ཨོ་སི་ཊོ་ལི་ཡའི་རྒྱལ་སའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཞུས་པ།
གསར་གནས།
འབྲེལ་གནས།