༢༠༡༡ ཟླ་ ༦ ཚེས ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པི་ཊར་སི་ལི་པར་ (Peter Slipper) མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་ཌེན་བྷེ་(Michael Danby)མཆོག གྲོས་ཚོགས་གོང་མའི་འཐུས་་མིསྐུ་ཞབས་སི་ཀོ་ཊི་ལེ་ཌི་ལམ་(Scott Ludlam)མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནིཀ་ཛེ་ནོ་ཕོན(Nick Xenophon)མཆོག་བཅས་ཀྱི་མཚན་འཁོད་བསྒྲགས་གཏམ་ཞིག་སྐུ་ཞབས་པི་ཊར་སི་ལི་པར་མཆོག་གིས་གསལ་བསྒྲགས་སྤེལ་ཡོད་པ་དེའི་ནང་འཁོད་དོན།
ངས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཀེན་བྷེ་རར་ཆིབས་སྒྱུར་བསྐྱངས་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། སྐུ་ཉིད་མཆོག་གིས་གྲོས་ཚོགས་འདིར་ཆིབས་སྒྱུར་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྩལ་བར་དགའ་སྤོབས་ཆེན་པོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉེ་ལམ་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་མཛད་པ་དེར་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དེ་བཞིན་སྲ་བརྟན་ཐོག་དེང་རབས་ཅན་ཞིག་ཏུ་སྒྱུར་གནང་མཛད་པར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་སྒྲིག་འཛུགས་བརྟན་པོ་ཞིག་འཛུགས་གནང་མཛད་དེ་རྒྱ་ནག་གཞུང་ལ་མིག་དཔེ་བཟང་པོ་ཞིག་འདོན་གནང་མཛད་ཡོད།
བོད་ཀྱི་ནང་ཆོས་དེ་བཞིན་འཛམ་གླིང་གི་གཅེས་ནོར་ཞིག་ཡིན། རྒྱ་མིས་བོད་བཙན་འཛུལ་བྱས་རྗེས་བོད་ཀྱི་རིག་གཞུང་དང་། བོད་མིའི་འཚོ་རྟེན་ལ་ཛ་དྲག་གི་ཉེན་ཁ་བཟོ་བཞིན་ཡོད་པ་ང་ཚོས་ངོས་འཛིན་ཞུས་དང་ཞུ་མུས་ཐོག་ད་ཆ་བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་རྒྱུའི་མངོན་འདོད་དེར་ང་ཚོས་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད།
བརྟན་ལྷིང་དང་ཡར་རྒྱས་ལྡན་པའི་རྒྱ་ནག་དེ་ཨོ་སི་ཊོ་ལི་ཡའི་མདུན་ལམ་ལའང་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོའི་ཆོས་དད་ལ་དམ་བསྒྲགས་དང་བོད་ཀྱི་འབྲོག་པ་རྣམས་རྩ་ཐང་ནས་ཕྱིར་འབུད་བཏང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེས་རྒྱ་བོད་མི་རིགས་གཉིས་དབར་དཔལ་འབྱོར་གྱི་གནས་སྟངས་ཆ་མི་སྙོམ་པ་དང་མི་རིགས་གཉིས་དབར་འཁོན་འཛིན་ཆེ་རུ་གཏོང་བཞིན་ཡོད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་སྒྲིལ་གྱི་ནུས་པར་ཉེན་ཁ་བཟོ་བཞིན་ཡོད། མདོར་ན། བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན།
བོད་དེ་ཨེ་ཤི་ཡའི་རྒྱུགས་ཆུ་ཆེན་པོ་མང་པོའི་འབྱུང་ཁུངས་ཡིན་པ་མ་ཟད། ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་མཚམས་སུ་ཡོད་པར་བརྟེན། བོད་ཀྱི་ཁོར་ཡུག་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་པར་ང་ཚོས་ངོས་འཛིན་ཞུ་བཞིན་ཡོད། བོད་ཀྱི་གནད་དོན་སེལ་ཐུབ་ཚེ་ཨེ་ཤི་ཡའི་ས་བབ་ཐོག་བརྟན་ལྷིང་དང་འཛམ་གླིང་རྒྱ་ཁྱབ་ཏུ་ཞི་བདེ་གོང་འཕེལ་འགྲོ་རྒྱུའི་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ལ་ཆ་མཚོན་ན། སྐུ་ཉིད་མཆོག་གིས་བྱམས་བརྩེ་དང་བཟོད་བསྲན། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་བསླབ་བྱ་ཁྱབ་སྤེལ་མཛད་པ་ཙམ་མ་ཟད། གནད་དོན་དེ་དག་ཐོག་སྣེ་ཁྲིད་ཀྱིས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ལམ་སྟོན་དང་སྙིང་སྟོབས་སྦྱིན་ཡོད་སྟབས་ང་ཚོས་སྐུ་ཉིད་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གནད་དོན་དེ་དག་ལ་བརྟེན་ནས་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གསར་པ་ཚོས་ཞི་བའི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་སེལ་རྒྱུའི་འབད་བརྩོན་གནང་བ་དེར་གོ་སྐབས་ནམ་བྱུང་ལ་ང་ཚོས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་བཅས།།