༢༠༡༡ ཟླ་ ༦ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ཉིན་ལས་བྱེད་འདེམས་ལྷན་གྱིས་གོ་སྒྲིག་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྩིས་པ་ལས་ཐོག་པ་ཁག་གཅིག་ལ་རྩིས་དང་འབྲེལ་བའི་ཟབ་སྦྱོང་རིམ་པ་གཉིས་པ་དབུ་འཛུགས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུས་འོས་བསྡུ་ལྷན་ཁང་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་མཆོག་གིས་དབུས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་། དེ་བཞིན་ཟབ་སྦྱོང་དུ་བཅར་བའི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་པ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༧ ཙམ་ལྷན་ཚོགས་ཀྱིས་ཐོག་མར་ལས་བྱེད་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཟབ་སྦྱོང་འདི་ཚོགས་དགོས་དོན་ནི་རྩིས་པ་ཚོར་ཟབ་ཁྲིད་གནང་རྒྱུ་གལ་ཆེན་པོ་འདུག་ཅེས་བཀའ་ཤག་གིས་བཀའ་འགྲེལ་གཞིར་བཟུང་གོ་སྒྲིག་ཞུས་པ་ཞིག་ཡིན་སྐོར་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། དབུས་འོས་བསྡུ་ལྷན་ཁང་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཀྱིས་གསུང་བཤད་གནང་དོན། སྤྱིར་ལས་བྱེད་པ་རྣམས་ལ་སྦྱོང་བརྡར་གོ་སྒྲིག་བྱེད་རྒྱུ་དེ་ལས་བྱེད་འདེམས་ལྷན་གྱི་འགན་ཞིག་ཆགས་ཡོད། ང་ཚོས་གོ་སྒྲིག་བྱེད་རྒྱུ་དེ་ད་ལྟའི་དུས་ཚོད་འདིར་མིན་པར་དུས་ཚོད་གཞན་ཞིག་ཏུ་གོ་སྒྲིག་བྱེད་ཐུབ་ན་བསམ་བྱུང། འོན་ཀྱང་རྩིས་ཞིབ་དབུ་འཛིན་དང་བཀའ་ཤག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་མཆོག་དང་ལྷན་བཀའ་བསྡུར་ལན་མང་གནང་རྗེས་མཐའ་བསྡོམས་བཀའ་ཤག་འཕོ་འགྱུར་མ་འགྲོ་གོང་རྩིས་པའི་ཟབ་སྦྱོང་འགོ་བཙུགས་ཐུབ་པ་བྱུང་ན། ཞེས་དགོངས་ཚུལ་བྱུང་བ་ལྟར་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་རེད། དེ་སྔ་དོན་གཅོད་ཁག་གི་ཚོགས་འདུའི་ཐོག་བཀའ་ཁྲི་མཆོག་དང་དེ་བཞིན་བཀའ་ཤག་གིས་ངོས་ནས་རྩིས་དེ་ཡག་པོ་མ་བྱུང་ན་ལས་ཀ་ཚགས་ཚུད་ཅིག་ཏུ་རྩིས་ཀྱི་མེད་ཅེས་རབ་དང་རིམ་པ་གསུངས་ཡོད། ཁྱེང་རང་ཚོ་ཕལ་ཆེ་བ་བློན་ཆེན་ལས་ཁུངས་ཁག་ནས་ཡིན་སྟབས་དྲུང་ཆེ་རྣམ་པས་དེ་ག་རང་འགྲེལ་བརྗོད་གནང་ཡོད་ངེས་རེད། ཁྱེད་རང་ཚོས་ཀྱང་དེ་ལྟར་གནང་གི་ཡོད་ཤག་རེད། རྩིས་འདི་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ལས་བྱེད་པ་ཞིག་ཡིན་སྟབས་གཞུང་གི་འགྲོ་སོང་ཇི་ཡིན་བསམ་བློ་གཏོང་དགོས། གཞུང་གི་ཡོང་ཁུངས་གཙོ་བོ་དེ་མི་མང་ནས་བསྡུས་པའི་དཔྱ་དངུལ་ཡིན་པ་དང། དེང་སྐབས་ཕྱིའི་རོགས་རམ་ཧ་ཅང་དཀོན་དུ་ཕྱིན་ཡོད་པར་བརྟེན། སྔོན་རྩིས་ནས་མ་འདང་ན་སྐུ་སྒེར་ཡིག་ཚང་ངམ་༸གོང་ས་མཆོག་ལ་ཞུས་ཀྱི་ཡོད། ང་ཚོས་སོ་སོར་འཁྲིས་པའི་འོས་འགན་དེ་ལྷག་བསམ་རྣམ་དག་སྒོ་ནས་མ་བསྒྲུབ་ན་ལས་རྒྱུ་འབྲས་ཀྱི་ཆ་ནས་ང་ཚོ་སྐྱིད་པོ་ཡོང་གི་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཟབ་སྦྱོང་བ་རྣམས་ལ་ཟབ་ཁྲིད་སྐབས་སོ་སོས་མ་ཤེས་པ་དེ་དག་ཤེས་མདོག་མ་བྱས་པར་སྐད་ཆ་དྲི་རྒྱུ་གལ་ཆེན་ཡིན་སྐོར་གསུང་བཤད་གནང་ཡོད། ད་ཐེངས་ཀྱི་ཟབ་སྦྱོང་འདིའི་ཐོག་རྩིས་པ་རྣམས་ལ་(Tally)བེད་སྤྱོད་བྱེད་ཕྱོགས་དང། འབབ་ཁྲལ་(Incom Tax) གྱི་སྒྲིག་གཞི། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་སོགས་པའི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག ཟབ་ཁྲིད་གནང་མཁན་ཁོངས་སུ་རྩིས་ཞིབ་ལས་ཁུངས་ནས་ཟུང་དྲུང་རིན་འཛིན་ཆོས་འཕེལ་ལགས་དང། ཟུང་དྲུང་བཀྲིས་སྟོབས་རྒྱལ་ལགས། ཟུང་དྲུང་ཤེས་རབ་སྒྲོལ་མ་ལགས་བཅས་དང། དཔལ་འབྱོར་ལས་ཁུངས་ནས་ཟུང་དྲུང་དབང་འདུས་ལགས་དང། དྲུང་གཞོན་ལེགས་གྲུབ་ལགས། དྲུང་ལས་རྣམ་རྒྱལ་བསམ་གྲུབ་ལགས་བཅས་ཡིན་འདུག་པ་བཅས།།
བོད་མི་སྒྲིག་འཛུགས་ཀྱི་རྩིས་པ་ལས་ཐོག་པ་ཁག་གཅིག་ལ་རྩིས་དང་འབྲེལ་བའི་ཟབ་སྦྱོང་རིམ་པ་གཉིས་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།