༢༠༡༠ ཟླ་ ༧ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༢ ཉིན་ལྕམ་མེ་རི་བྷེཊ་མར་ཁེེ་ (Ms. Mery Beth Markey) ལགས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ (International Campaign for Tibet)་ ཚོགས་གཙོ་གསར་པར་བསྐོ་གཞག་གནང་ཡོད། སྐབས་དེར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆཌ་གྷེ་རི་ (Richard Gere) ལགས་ཀྱིས་གསུང་དོན། ལྕམ་མེ་རི་བྷེཊ་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ་གསར་པར་བསྐོ་གཞག་གི་གསལ་བསྒྲགས་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ངས་ཁོ་མོ་དང་མཉམ་འདས་པའི་ལོ་ངོ་ ༢༠ ལྷག་བོད་དོན་དང་འབྲེལ་བའི་ལས་ཀ་བྱེད་མྱོང་ཡོད། དེའི་རིང་ཉམས་མྱོང་བྱུང་བར་གཞིགས་ན་ཁོ་མོ་ནི་འཇོན་ཐང་ཅན་གྱི་འགོ་ཁྲིད་གཅིག་ཡིན་པ་མ་ཟད། བོད་དོན་ཐོག་རྒྱུས་མངའ་ཡོད་མཁན་དང་། ཡིད་ཆེས་བློས་འགེལ་ཆོག་པ་ཞིག་ཀྱང་ཡིན་ཞེས་གསུངས་ཡོད། ལྕམ་མེ་རི་བྷེཊ་མར་ཁེ་ལགས་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ་སྐབས་བཞི་པ་ཆགས་ཀྱི་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ་སྐབས་དང་པོ་ནི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། སྐབས་གཉིས་པ་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག སྐབས་གསུམ་པ་སྐུ་ཞབས་ཇོན་ཨེ་ཀར་ལེ་ (John Ackerly) ལགས་ཡིན་འདུག་པ་བཅས།།