༢༠༢༠ ཟླ་ ༥ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་ནས་བགྲོ་གླེང་ལས་རིམ་ཞིག་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་གནང་གཏན་འཁེལ་འདུག དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཕྱག་རྟགས་སྩལ་ནས་ཉིན་གསུམ་གྱི་རྗེས་ཏེ།
ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་དང་བཅས་བཙན་འཁྲིད་བྱས་རྐྱེན་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་ཛ་དྲག་གི་དུས་སྐབས་དང་བསྟུན་ལས་འགུལ་དེ་ལྟར་སྤེལ་གཏན་འཁེལ་བ་ཞིག་ཡིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་རྒྱུ་དང་། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་བཅས་ཡིན་ཞིང་། ལས་རིམ་གཙོ་སྐྱོང་གནང་མཁན་སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་བསྐོ་གཞག་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཡིན་འདུག བགྲོ་གླེང་གཙོ་ཆེར་བོད་སྐད་ནང་གནང་རྒྱུ་དང་། དུས་ཚོད་ལ་གཞིགས་ཏེ་ལས་རིམ་གསན་གཟིགས་གནང་མཁན་ཚོར་ཐད་ཀར་དྲི་བ་གཏོང་རྒྱུའི་གོ་སྐབས་ཀྱང་གནང་འཆར་ཡོད་འདུག་པ་བཅས།།
བགྲོ་གླེང་གནང་དུས།
རྒྱ་གར་ནང་། ཕྱེད་ཡོལ་ཆུ་ཚོད་ ༦ ནས་ ༧ བར།
ཨ་རིའི་ནང་། སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ ༩།༣༠ བར།
ཇི་ནི་ཝ་དང་། སྦར་སེལ། ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ནས་ ༣།༣༠ བར།
ལོན་ཌོན། ༡།༣༠ ནས་ ༢།༣༠ བར།
ཐད་སྲིད་བརྒྱུད་ལམ། བོད་ཀྱི་བརྙན་འཕྲིན་ངོ་དེབ། TV’s Facebook page