ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །སི་ལོ་ཝག་ Slovak ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Mr. Gábor Grendel མཆོག་དང་སྐུ་ཞབས་ Mr. Juraj Šeliga མཆོག་བཅས་ཀྱི་སྣེ་ཁྲིད་འོག ཡུལ་དེའི་གྲོས་ཚོགས་འཐུས་མི་ཁྱོན་ ༢༢ ཀྱིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་གྲོས་ཚོགས་འཐུས་མི་ཁོང་རྣམས་ཀྱིས་རྒྱ་ནག་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་ནང་པ་དང་ཡུ་གུར་བ་ཁ་ཆེ་དང་ཡེ་ཤུའི་ཆོས་པ་བཅས་ཀྱི་ཆོས་ལུགས་བྱེད་སྒོར་ཐེ་བྱུས་དང་དམ་བསྒྲགས་སུན་གཙེར་ཧ་ཅང་བཟོས་དང་བཟོ་བཞིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་ལོ་ངོ་བརྒྱ་ཕྲག་བརྒལ་བའི་སྲོལ་རྒྱུན་ལམ་ལུགས་དེར་ཐེ་བྱུས་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་མི་ལོ་ཧྲིལ་པོ་ ༢༥ རིང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་བཅས་ས་གནས་གང་དུ་བཀག་ཉར་བྱས་མིན་དང་། གནས་སྟངས་ཇི་འདྲ་ཞིག་འོག་བཞུགས་ཡོད་མེད་ད་བར་གསལ་བཤད་འདོད་བློ་ཚིམ་པ་ཞིག་རྩ་བ་ཉིད་ནས་བྱེད་མྱོང་མེད་ཁར། ཁྲིམས་འགལ་གྱི་བྱ་སྤྱོད་དེ་མུ་མཐུད་སྤེལ་བཞིན་པ་ནི་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་ཙམ་མ་ཟད། བོད་མིའི་ཐོག་ལའང་དྲང་བདེན་ཞིག་རྩ་བ་ཉིད་ནས་ཆགས་ཐབས་བྲལ། ཞེས་འཁོད་པ་མ་ཟད། ཡུལ་དེའི་སྲིད་གཞུང་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལའང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་བཅས་མགྱོགས་མྱུར་གློད་བཀྲོལ་ཡོང་སླད། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
གཞན་ཡང་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གོང་གི་གྲོས་ཚོགས་འཐུས་མི་རྣམ་པས་ཞལ་ཞེ་གཉིས་མེད་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དོན། སི་ལོ་ཝག་ Slovak གྲོས་ཚོགས་ནས་འདི་ལྟ་བུའི་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ཆེས་ཐོག་མ་ཡིན། དེར་བརྟེན་ང་ཚོས་བསྒྲགས་གཏམ་སྤེལ་མཁན་གྲོས་ཚོགས་འཐུས་མི་ཡོངས་དང་ཡུལ་དེའི་མི་མང་བཅས་ལ་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་དེ་འདྲ་གནང་བར་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱབ་སྐྱོར་འདི་ལ་བརྟེན་ནས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་ནུས་ཤུགས་གསར་པ་ཞིག་བསྐྲུན་ཐུབ་ཡོད།
རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ ལྷག་རིང་བོད་མིའི་ཐོག་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་ཀྱང་བོད་མི་ཚོས་ད་བར་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱས་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་གི་བོད་མི་གྲངས་ ༡༥༤ རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་རྔམ་སྟོན་ཤུགས་ཆེ་གནང་ཡོད། དྲག་པོའི་ལམ་ནས་ཞི་བདེ་བརྟན་ལྷིང་དང་འཆམ་མཐུན་ཟེར་བ་ཡོང་ཤེས་ཐབས་མེད་པ་རྒྱ་ནག་གཞུང་གིས་ད་གཟོད་ཤེས་རྟོགས་ཐུབ་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཞུས་པ་བརྒྱུད་བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་གསལ་ཐབས་བྱེད་དགོས། དེར་བརྟེན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པ་དེ་ནི་གྲོས་མོལ་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུར་ཕན་ཐོགས་ཡོང་ངེས། ཞེས་གསུངས།
གྲོས་ཚོགས་འཐུས་མི་ ༢༢ རྣམས་ནི།
Mr. Gábor Grendel
Juraj Šeliga
Peter Osuský
Miroslav Kollár
Ondrej Dostál
Radovan Kazda Vladimíra Marcinková
Peter Pollák
Miroslav Žiak
Jarmila Halgašová
Anna Zemanová
Dominik Drdul
Kristián Čekovský
Juraj Krúpa
Jana Žitňanská
Marian Viskupič
Peter Cmorej
Ján Benčík
Anna Záborská
Vladimír Ledecký
Romana Tabak
Monika Kozelová