༢༠༢༠ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་མོ་ཞིག་ཡིན། དེར་བརྟེན་འཛམ་གླིང་ཁྱོན་ནས་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་མ་ཟད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མས་ཀྱང་གོང་ཚེས་ཉིན་རྒྱ་ནག་གཞུང་ལ་བརྙན་འཕྲིན་བརྒྱུད་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་དང་སྦྲགས། རྒྱ་གར་གཞུང་དང་འཛམ་གླིང་དབུ་ཁྲིད་ཚོས་ཀྱང་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་གནོན་ཤུགས་ངེས་པར་སྤྲོད་རོགས་ཞེས། རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་མཆོག་གིས་གསུང་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་ཐོག་སེམས་འཚབ་ཡོད་པའི་འཛམ་གླིང་མི་མང་ཚོས་མཁྱེན་གསལ་ལྟར། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཕྱག་རྟགས་སྩལ་ཡང་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། ཁོོང་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གལ་ཆེ་ཞིག་ཡིན། ཞེས་སོགས་གསུངས།།