༢༠༡༡ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༠ ཉིན་༸གོང་ས་མཆོག་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་ (George W. Bush) མཆོག་དང་ཁོང་གི་སྐུ་ཟླ་ལོ་ར་བྷུ་ཤུ་ (Laura Bush) མཆོག་གི་གཟིམ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁོང་རྣམ་གཉིས་དང་མཇལ་འཕྲད་མཛད་རྗེས། སྲིད་འཛིན་ཟུར་པ་མཆོག་གི་གཟིམ་ཁང་ནས་ཌལ་ལ་སིའི་ལྷོ་ཕྱོགས་གཙུག་ལག་སློབ་གྲྭའི་སྤང་ལྗོངས་སུ་ཆགས་པའི་ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་སྐུ་ཞབས་ཇིམ་གྷ་ལ་སི་མན་ (Jim Glassman) ལགས་ཀྱིས་སྤྱི་ཡོངས་ཀྱི་མང་གཙོའི་ལྟ་གྲུབ་སྐོར་དང་ལྷག་པར་བོད་མི་ཚོའི་མང་གཙོའི་ཉམས་མྱོང་སྐོར་ཆེད་དོན་དྲི་བར་བཀའ་ལན་སྩལ་བ་དེ་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་བསྟན་ཡོད། ༸གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བརྙན་འཕྲིན་བརྒྱུད་དྲི་བ་དྲིས་ལན་གྱི་འོད་སྡེར་དེ་ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་གི་ཡིག་ཆ་གསོག་མཛོད་ཁང་དུ་ཉར་གནང་ཡོད་འདུག ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་དེར་འདས་པའི་དུས་རབས་ ༢༠ ནས་ད་ལྟའི་དུས་རབས་ ༢༡ རིང་རང་དབང་ཆེད་འཐབ་རྩོད་བྱས་པའི་ (The Freedom Collection) དངོས་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་དང་དངོས་རྫས་གསོག་འཇོག་གནང་སའི་དཔེ་མཛོད་ཅིག་ཡོད་འདུག
ཇིམ་གྷ་ལ་སི་མན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བཀྲིས་བདེ་ལེགས་ཞུས་པ་དང་སྦྲགས། སྐུ་ཉིད་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། རྒྱ་གར་དུ་ཕེབས་མཚམས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཤིག་རྡ་སར་བཙུགས་གནང་མཛད་སྐབས་སྐུ་ཉིད་ཀྱིས་དེ་སྔ་བོད་གཞུང་བླ་མས་སྐྱོང་བའི་སྲིད་གཞུང་ལམ་ལུགས་ཐོག་བསྐྱོད་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་མིའི་གཞུང་དེ་མང་གཙོར་བཅོས་བསྒྱུར་གཏོང་གནང་མཛད་དགོས་དོན་གཙོ་བོ་གང་ཡིན་ནམ།
༸གོང་ས་མཆོག ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སྟོན་པ་མྱང་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་མཆོད་འབུལ་དང་སྟབས་བསྟུན་སླེབས་སྐབས་ངོས་ཀྱིས་སྐབས་དེར་རྒྱ་གར་གྲོས་ཚོགས་ནང་ཕྱག་ལས་གནང་སྟངས་གསལ་པོ་མཐོང་བྱུང་། རྒྱ་ནག་ནང་གྲོས་ཚོགས་ཚོགས་པའི་སྐབས་སུ་ཧ་ཅང་སྒྲིག་འཛུགས་འཁྱེར་ནས་སྡོད་རྒྱུ་དང་རྒྱ་གར་གྱི་གྲོས་ཚོགས་ཚོགས་སྟངས་དབར་ལ་འགལ་བ་ཆེན་པོ་མཐོང་བྱུང་།
ཇིམ་གྷ་ལ་སི་མན། རྒྱ་གར་གྱི་གྲོས་ཚོགས་དེར་ཡི་རང་སྐྱེ་གནང་བྱུང་ངམ།
༸གོང་ས་མཆོག དེ་འདྲ་ཞིག་ཏན་ཏན་བྱུང་། རྒྱ་གར་གྲོས་ཚོགས་ལ་ལྟ་སྐབས་སྒྲིག་འཛུགས་མེད་པ་ལྟ་བུ་སྐད་ཅོར་ཆེ་བ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱི་གཞུང་དང་དབུ་ཁྲིད་ཚོར་སྤོབས་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་འདུག དེར་བརྟེན་ངོས་རང་བྱེད་སྟངས་དེར་ཧ་ཅང་ཡི་རང་སྐྱེས་བྱུང་། དེ་རྗེས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ནང་ང་ཚོ་རྒྱ་གར་དུ་འབྱོར་འཕྲལ་བོད་ཀྱི་དེ་སྔའི་སྲིད་གཞུང་ལམ་ལུགས་དེར་བསྒྱུར་བཅོས་ཕྲན་བུ་བཏང་ཡོད། དེ་ནས་ཕྱི་ལོ་ ༡༩༦༠ ནང་རིམ་བཞིན་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུའི་གོམ་པ་སྤོ་འགོ་བཙུགས་ཡོད།
ཇིམ་གྷ་ལ་སི་མན། སྐབས་དེར་འོས་ཤོག་འཕེན་རྒྱུུ་ཡོད་དམ།
༸གོང་ས་མཆོག སྐབས་དེར་འོས་ཤོག་འཕེན་རྒྱུ་མེད། འོན་ཀྱང་ཕྱི་ལོ་ ༢༠༠༡ ལོར་མང་ཚོགས་ཀྱིས་བཀའ་བློན་ཁྲི་པ་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་ཡོད། དུས་དེ་ནས་ངོས་རང་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཤིག་ཏུ་འགྱུར་ཏེ་ད་ཆ་མང་གཙོ་ཆ་ཚང་བ་ཞིག་ཆགས་པ་དེ་ང་ཚོའི་གྲུབ་འབྲས་ཤིག་རེད།
ཇིམ་གྷ་ལ་སི་མན། འོན་ཀྱང་སྐུ་ཉིད་ཀྱིས་ཕྱི་ལོ་ ༡༩༥༩ དང་ཕྱི་ལོ་ ༡༩༦༠ ལོ་ནས་ག་ལེར་ག་ལེར་མང་གཙོའི་འཕེལ་རིམ་ཡར་རྒྱས་ཕྱིན་པའི་ཐོག་མང་གཙོའི་གཞུང་དེ་བོད་མི་ཚོར་ངོ་སྤྲོད་མཛད་པ་ཞིག་མིན་ནམ།
༸གོང་ས་མཆོག དེ་འདྲ་རེད།
ཇིམ་གྷ་ལ་སི་མན། ད་ཆ་སྐུ་ཉིད་ཀྱིས་ཆབ་སྲིད་ཀྱི་འགན་དབང་ནས་རྩ་དགོངས་ཞུས་པ་དེར་བསམ་ཚུལ་ཇི་འདྲ་ཡོང་གི་འདུག
༸གོང་ས་མཆོག གནས་སྟངས་འདི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་བརྒྱུད་རིམ་ཞིག་རེད། ངོས་ལ་རྒྱུན་དུ་ཆོས་དང་སྲིད་ཀྱི་སྒྲིག་འཛུགས་གཉིས་ཐ་དད་དགོས་བསམ་པའི་བསམ་ཚུལ་དེ་ཤུགས་ཆེན་པོ་ཡོད།
ཇིམ་གྷ་ལ་སི་མན། འོན་ཀྱང་བོད་མི་འགའ་རེས་མོས་མཐུན་བྱེད་ཀྱི་མེད། དེ་འདྲ་མ་རེད་དམ།
༸གོང་ས་མཆོག དེ་ནི་རྒྱལ་སྤྱི་དང་ཡང་སྒོས་ང་ཚོའི་གནས་སྟངས་ཇི་ཡིན་གསལ་པོ་མ་ཤེས་པའི་རྐྱེན་གྱིས་རེད། དགོས་གལ་བྱུང་ཚེ་ངོས་རང་ཡོད་ཡོད་པ་རེད།
ཇིམ་གྷ་ལ་སི་མན། སྐུ་ཉིད་ཀྱིས་ད་དུང་འགན་ཁྱེར་རྒྱུ་ཡིན་ནམ།
༸གོང་ས་མཆོག སྔ་ཕྱི་མ་གཏོགས་༸རྒྱལ་བ་རིན་པོ་ཆེ་མེད་པའི་དུས་ཤིག་ཤར་ངེས་ཡིན། དེར་བརྟེན་མང་ཚོགས་ཀྱིས་ད་ལྟ་ནས་གྲ་སྒྲིག་བྱེད་དགོས། ངོས་རང་ཡོད་སྐབས་ནས་གྲ་སྒྲིག་བྱས་ཚེ་ཡག་པོ་ཡོད།
ཇིམ་གྷ་ལ་སི་མན། སྐུ་ཉིད་ཀྱི་རྗེས་འཛིན་པ་ཆོས་ཀྱི་དབུ་ཁྲིད་ཅིག་ཕེབས་རྒྱུ་ཡིན་ནམ།
༸གོང་ས་མཆོག ཕྱི་ལོ་ ༡༩༧༩ ལོ་ཙམ་ནས་ངོས་ཀྱིས་མ་འོངས་པར་༸རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་དེ་གནས་དང་མ་གནས་བོད་རྒྱ་ཆེའི་མང་ཚོགས་ལ་རག་ལུས་པ་དང་། གལ་ཏེ་བོད་མི་མང་ཆེ་བས་འདོད་པ་ཡོད་ཚེ་སྒྲིག་འཛུགས་འདི་མུ་མཐུད་གནས་རྒྱུ་རེད། དེ་ནས་ངོས་ཀྱི་ཡང་སྲིད་སྐོར་རེད། ཡང་སྲིད་རྩད་གཅོད་དེ་སྲོལ་རྒྱུན་དང་ཐབས་ལམ་གསར་པ་གང་རུང་ཞིག་གི་ཐོག་ནས་འགྲོ་རྒྱུ་རེད།
ཇིམ་གྷ་ལ་སི་མན། དཀྱིལ་ཤར་ཡུལ་གྲུའི་ནང་དེང་སྐབས་གཅིག་བསྡུས་དབང་འཛིན་གྱི་དཔོན་རིགས་ཚོར་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དེར་སྐུ་ཉིད་ལ་དགོངས་ཚུལ་ཇི་ཡོད་དམ།
༸གོང་ས་མཆོག ཆོས་དཔོན་དང་རྒྱལ་པོས་བཟུང་བའི་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱ་རྒྱུའི་དུས་ཚོད་དེ་ཡོལ་ཟིན་པ་ངོས་ཀྱིས་བསམ་གྱི་འདུག དབྱིན་ཡུལ་དང་ཉི་ཧོང་ལྟ་བུར་ཆ་མཚོན་ནའང་རྒྱལ་བརྒྱུད་ལྷག་ཡོད་ཀྱང་མཚོན་དོན་གྱི་དབུ་ཁྲིད་ཙམ་ལས་འདས་པའི་བྱུང་རབས་ཤིག་ཆགས་ཟིན། ཐོག་མའི་ཆར་ལས་འགུལ་དང་གསར་བརྗེ་བྱིངས་དང་གཅིག་མཚུངས་ཀྱིས་དབུ་ཁྲིད་ཚོར་མང་ཚོགས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་དབུ་ཁྲིད་ཆགས་པ་ལས་མང་ཚོགས་ཀྱི་རྒྱབ་སྐྱོར་མེད་ན་དབུ་ཁྲིད་ཆགས་ཐབས་མེད། རྒྱ་ནག་དམར་ཤོག་ཚོགས་པ་དང་ཨུ་རུ་སུའི་ནང་ལེ་ནིན་གིས་འགོ་ཁྲིད་པའི་བྷོལ་ཤེ་ཝིཀ་(Bolshevik)གསར་བརྗེ་ལྟ་བུར་མཚོན་ན་ཐོག་མའི་ཆར་གཙོ་ཆེ་བ་མི་མང་སྐྱོ་བ་ཚོས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་ཡོད་པ་གསལ་པོ་རེད། དེ་ནས་སྟབས་མ་ལེགས་པར་སྲིད་དབང་སྒེར་གཅོད་བྱེད་མཁན་འགའ་རེས་དབང་ཆ་གཅིག་བསྡུས་བྱས་ཏེ་བེད་སྤྱོད་ལོག་པ་གཏོང་གི་ཡོད། དེར་བརྟེན་ཐོག་མའི་དམིགས་ཡུལ་མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་ཚབ་ཏུ་མཁྲེགས་བཟུང་ཐོག་དབང་ཆ་སྲུང་སྐྱོབ་དང་མི་མང་ལ་དམ་བསྒྲགས་བྱེད་རྒྱུ་དེ་འདྲ་ཡོང་བཞིན་ཡོད།
ཇིམ་གྷ་ལ་སི་མན། སྐུ་ཉིད་ཀྱིས་གཅིག་བསྡུས་དབང་འཛིན་པ་ཚོས་མཐར་དབང་ཆ་བེད་སྤྱོད་ལོག་པ་གཏོང་རྒྱུའི་གནས་སྟངས་དེ་འདྲ་ཞིག་མ་ཡོང་ཐབས་མེད་རེད་ཅེས་དགོངས་ཀྱི་ཡོད་དམ།
༸གོང་ས་མཆོག ངོས་ཀྱིས་དེ་འདྲ་ཡིན་པ་བསམ་བཞིན་ཡོད། གནས་སྟངས་དེ་འདྲ་ཞིག་ཆགས་རྒྱུ་དེ་རང་བཞིན་ལྟ་བུ་རེད། གསར་བརྗེ་དང་ལས་འགུལ་འགོ་ཁྲིད་པ་ཚོར་ཆོད་སེམས་དང་གདེང་ཚོད་ཡོད། འོན་ཀྱང་མཐར་འགོ་ཁྲིད་ཚོས་རང་ཉིད་ཀྱི་གདེང་ཚོད་ཤུགས་ཆེ་དྲགས་པ་ལྟ་བུ་སྐབས་རེ་ཡོང་བཞིན་ཡོད།
ཇིམ་གྷ་ལ་སི་མན། རང་གིས་རང་ལ་ཡིད་ཆེས་ཆེ་དྲགས་པ་དེ་འདྲ་བཀའ་གནང་མཛད་ཀྱི་ཡོད་དམ།
༸གོང་ས་མཆོག དེ་རེད། གཅིག་བསྡུས་དབང་འཛིན་པ་ཚོས་རང་ཉིད་ལ་སྐྱོན་བརྗོད་བྱས་ཚེ་ལམ་སེང་མ་བདེ་བའི་རྣམ་འགྱུར་སྟོན་བཞིན་ཡོད། ངོས་ཀྱིས་རྒྱུན་དུ་འཛམ་གླིང་འདིའི་ནང་མི་མང་དུང་ཕྱུར་བདུན་ཙམ་ཡོད་པ་རྣམས་ལ་དབང་བ་ཞིག་ལས་རྒྱལ་པོ་དང་ཆོས་དཔོན་རེ་ཟུང་ལ་དག་པ་ཞིག་མིན། དེ་བཞིན་འཛམ་གླིང་འདི་ཆབ་སྲིད་ཚོགས་པ་འདྲ་མིན་ཡོད་པ་ཚོར་ཡང་དག་མེད། དཔེར་ན། ཨ་རི་རྒྱལ་ཁབ་དེ་ཨ་རིའི་མི་མང་ཚོར་དག་པ་དང་ཕྱོགས་མཚུངས་རྒྱ་ནག་དང་ཨི་ཇིབ་ལྟ་བུའང་ཡུལ་དེའི་མང་ཚོགས་རྣམས་ལ་དག་པ་ཞིག་ལས་མི་སྒེར་དང་ཁྱིམ་ཚང་བྱེ་བྲག་པ་རེ་ཟུང་ལ་དག་པ་ཞིག་མིན། མང་ཚོགས་ཀྱིས་རྒྱལ་ཁབ་འཛིན་སྐྱོང་གི་འགན་འཁྱེར་རྒྱུའི་ཐབས་ལམ་བཟང་ཤོས་དེ་འོས་ཤོག་འཕེན་ཏེ་དབུ་ཁྲིད་འདེམས་རྒྱུ་དེ་རེད། ཅེས་བརྗོད་བཞིན་ཡོད། འོས་ཤོག་འཕེན་རྒྱུ་དེ་ཡང་དུས་ནས་དུས་སུ་བྱེད་ཐུབ་པ་ཞིག་དགོས། དེར་བརྟེན་མི་མང་གིས་བསྐོས་པའི་གཞུང་ཞིག་དང་མི་མང་གི་དོན་སྒྲུབ་མཁན་གྱི་མང་གཙོའི་སྲིད་གཞུང་དེ་ནི་མཆོག་ཏུ་གྱུར་བ་ཡིན།
ཇིམ་གྷ་ལ་སི་མན། དེས་ན་དཀྱིལ་ཤར་ཡུལ་གྲུའི་ནང་དེང་སྐབས་དོན་རྐྱེན་གང་བྱུང་བ་དེར་སྐུ་ཉིད་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ནམ། དོན་རྐྱེན་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་དམ།
༸གོང་ས་མཆོག གནས་ཚུལ་དེར་རང་བཞིན་གྱིས་རྒྱབ་སྐྱོར་བྱེད་རྒྱུ་ཞིག་རེད། ད་ཆ་གལ་ཆེ་ཤོས་དེ་འགན་འཁྱེར་བའི་ཐོག་ནས་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ལས་མང་གཙོ་ཡིན་ཞེས་སྨྲ་བརྗོད་ཀྱི་རང་དབང་བླང་ནས་བསམ་ཚུལ་འདྲ་མིན་བཏོན་པ་ཙམ་ལས་ལག་ལེན་ངོ་ཐོག་སླེབས་སྐབས་འགན་ཁུར་ལས་གཡོལ་ཐབས་བྱེད་རྒྱུ་དང་། མཚམས་རེ་མང་གཙོ་ཡིན་ཟེར་ནས་ཕན་ཚུན་སྐྱོན་བརྗོད་ཤ་སྟག་བྱས་ན་བརྟན་ལྷིང་མེད་པའི་གནས་སྟངས་ཆགས་རྒྱུ་རེད། དེ་འདྲ་བྱུང་ན་ཕན་ཐོགས་མེད། དེ་ལྟར་མིན་པར་བསམ་ཚུལ་དང་ལྟ་གྲུབ་མི་མཐུན་པ་འདྲ་མིན་ཡོད་མིན་ལ་མ་ལྟོས་པར་ཚང་མས་རྡོག་བསྒྲིལ་ཏེ་དཀའ་ལས་བརྒྱབ་ནས་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཇིམ་གྷ་ལ་སི་མན། ང་ཚོས་བོད་ཀྱི་གནས་སྟངས་སྐོར་བཀའ་དྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྐོར་བཀའ་སྕོལ་བཞིན་ཡོད་པ་མ་རེད་དམ།
༸གོང་ས་མཆོག དེ་འདྲ་རེད།
ཇིམ་གྷ་ལ་སི་མན། བོད་དེ་རྒྱ་ནག་དང་ཐ་དད་ཀྱི་རང་བཙན་རྩོད་ལེན་མཛད་ཀྱི་མེད་པ་རེད་དམ།
༸གོང་ས་མཆོག དེ་འདྲ་རེད།
ཇིམ་གྷ་ལ་སི་མན། རྒྱ་ནག་དང་འབྲེལ་མོལ་སྐབས་སྐུ་ཉིད་ཕྱོགས་ནས་འདོན་གནང་མཛད་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གྱི་གནས་བབ་ཅེས་པའི་གོ་དོན་གང་ཡིན་ནམ།
༸གོང་ས་མཆོག ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ལེན་བྱེད་ཀྱི་མེད། གང་ཡིན་བརྗོད་ན་འཛམ་གླིང་འགྱུར་བ་འགྲོ་བཞིན་ཡོད། ངོས་རང་རྒྱུན་དུ་ཡུ་རོབ་སྤྱི་མཐུན་ཚོགས་པར་ཡི་རང་སྐྱེད་བཞིན་ཡོད། མི་མང་གིས ད་ཆ་རྒྱལ་ཁབ་བྱེ་བྲག་པ་གཅིག་ཁོ་ནའི་བདེ་དོན་ལས་མཉམ་འབྲེལ་གྱི་བདེ་དོན་གལ་ཆེ་བར་འཛིན་བཞིན་ཡོད། ཕྱོགས་མཚུངས་བོད་ལྟ་བུར་མཚོན་ནའང་འདས་པའི་བྱུང་རབས་ཀྱི་གནས་སྟངས་ཇི་ཡིན་ལ་མ་ལྟོས་པར་དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་ཐོག་ནས་བརྗོད་ན་རྗེས་ལུས་རེད། བོད་མི་ཚོས་ཀྱང་དཔལ་འབྱོར་ཡར་རྒྱས་འདོད་ཀྱི་ཡོད། དྲང་པོར་བརྗོད་ན་བོད་མི་གང་ཙམ་ཞིག་ཁྲིམས་འགལ་ཐོག་ཨ་རིར་བསྐྱོད་པ་དེའི་རྒྱུ་མཚན་གང་ཡིན། ཁོང་ཚོ་ཨ་རིར་ཆོས་འཚོལ་བ་མིན་པར་དངུལ་དོན་དུ་གཉེར་ནས་བསླེབས་པ་ཞིག་རེད།
ཇིམ་གྷ་ལ་སི་མན། དེ་འདྲ་རེད་དམ།
༸གོང་ས་མཆོག བོད་མི་ཚོའང་ཕྱུག་པོ་ཆགས་འདོད་ཡོད། གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བསྡད་ན་ང་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཆེ་བ་ཡོད། དཔེར་ན། མེ་འཁོར་ལྕགས་ལམ་ལྟ་བུ་རེད། གལ་ཏེ་བེད་སྤྱོད་ཡག་པོ་བཏང་ཚེ་འཛུགས་སྐྲུན་ཡར་རྒྱས་འཕར་མ་གཏོང་རྒྱུའི་རྒྱལ་སྒོ་ཕྱེ་བ་ལྟ་བུ་རེད། འོན་ཀྱང་ད་ཆ་བོད་ནང་བཙུགས་པའི་མེ་འཁོར་ལྕགས་ལམ་དེ་དག་དམག་དོན་ཆེད་གཙོ་བོར་བེད་སྤྱོད་བྱེད་བཞིན་ཡོད། ང་ཚོ་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྒྱལ་ཁབ་ཅིག་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་བྱས་ནས་སྡོད་རྒྱུ་ཞིག་ཡིན་ཞེས་པ་དེ་ང་ཚོའི་ཁེ་ཕན་ཙམ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལའང་ཁེ་ཕན་ཡོད། ཁོང་ཚོའི་སེམས་ཁྲལ་ཆེ་ཤོས་དེ་ང་ཚོས་རང་བཙན་རྩོད་ཀྱི་འདུག་བསམ་པ་དེ་རེད།
ཇིམ་གྷ་ལ་སི་མན། རང་སྐྱོང་གནས་བབ་ཐོག་རྒྱ་ནག་དང་ལྷན་བཟང་ཕྱོགས་ཀྱི་འགྱུར་བ་གང་བྱུང་ཡོད་དམ།
༸གོང་ས་མཆོག ད་བར་བཟང་ཕྱོགས་ཀྱི་འགྱུར་བ་བྱུང་མེད། ༼བཞད་གད་མཛད༽
ཇིམ་གྷ་ལ་སི་མན། སྐུ་ཉིད་ཀྱི་དམིགས་བསལ་སྐུ་ཚབ་མཆོག་གིས་རྒྱ་ནག་དང་ལྷན་བཀའ་མོལ་གནང་གི་ཡོད་དམ།
༸གོང་ས་མཆོག འབྲེལ་མོལ་ཐེངས་འགའ་ཤས་བྱུང་ཡོད། ཕྱི་ལོ་ ༡༩༧༩ ལོར་སྲིད་འཛིན་ཏེ་ཞའོ་ཕིང་མཆོག་ཡོད་སྐབས་ངོས་ཀྱི་སྐུ་ཚབ་དང་མཇལ་འཕྲད་བྱུང་རྗེས་ཐད་ཀར་འབྲེལ་མོལ་བྱ་རྒྱུ་འགོ་ཞིག་བཙུགས་ཐུབ་པ་བྱུང་ཡོད་ནའང་། ད་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་ཁར་བོད་ནང་གི་བོད་མི་ཚོའི་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།
ཇིམ་གྷ་ལ་སི་མན། སྐུ་ཉིད་མཆོག་ལ་ད་ལྟའི་བོད་ནང་གི་གནས་སྟངས་ཇི་ཡིན་སྐོར་བཀའ་འདྲི་ཞུ་འདོད་བྱུང་།
༸གོང་ས་མཆོག ད་ཆ་བོད་ནང་རྒྱ་མིའི་དམག་དཔུང་ཧ་ཅང་མང་དུ་ཕྱིན་པའི་ཐོག་བདེ་འཇགས་ཉེན་རྟོག་པ་དང་དམག་མི་ཡང་ཧ་ཅང་མང་དུ་བཏང་ཡོད། དེར་བརྟེན་ཕྱོགས་གཅིག་ནས་མི་མང་རྣམས་ལ་སྔར་བས་ཞེད་སྣང་ཆེ་བ་ཡོད། དེ་ནས་ལོ་བཅུ་ཙམ་གྱི་གོང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མཁྲེགས་འཛིན་པ་ཞིག་གིས་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་སྐབས་སུ་བོད་དེ་རྒྱ་ནག་དང་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཆེ་ཤོས་དེ་བོད་ཀྱི་ནང་ཆོས་ཡིན་ལུགས་བཤད་ཡོད། དེ་ནས་ཟུང་ཁོང་ཚོས་ནང་ཆོས་སློབ་སྦྱོང་བྱེད་རྒྱུར་དམ་བསྒྲགས་བྱེད་འགོ་བཙུགས་ཡོད། དཔེར་ན། ལྷ་ས་བོད་ལྗོངས་སློབ་གྲྭ་ཆེན་མོར་དེ་སྔ་ནང་ཆོས་ཀྱི་གཞུང་གང་ལ་གང་ཙམ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་མ་ཟད། སློབ་ཚན་ནང་དུ་ནང་པའི་གཞུང་དེ་འདྲ་ཡོད། དེ་རྗེས་ཚང་མ་མེད་པ་བཟོས་ཏེ་ནང་ཆོས་ལ་སློབ་གཉེར་བྱ་རྒྱུའི་མཐུན་རྐྱེན་མེད་པ་བཟོས་འདུག དེ་བཞིན་དགོན་པ་གྲྭ་ཚང་ཁག་དང་བཙུན་དགོན་ཁག་གི་ནང་དུའང་ཆབ་སྲིད་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་འདྲ་མིན་སྤེལ་འགོ་བཙུགས་ཡོད། སྐབས་དེར་བོད་པའི་ཡུལ་མི་ཚོས་རིག་གནས་གསར་བརྗེ་དང་ཕྱེད་འདྲ་བའི་དུས་སྐབས་ཤིག་བསྐྱར་ལོག་བརྒྱབ་ཚུལ་སྲང་ལམ་དུ་ཤོད་རྒྱུ་བྱུང་འདུག དེར་བརྟེན་ཆབ་སྲིད་ཀྱི་བསམ་བློ་གུ་དོག་པོ་དང་མཁྲེགས་བཟུང་གི་སྲིད་བྱུས་དེ་འདྲ་ཞིག་བཟུང་བར་བརྟེན་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་རེད།
ཇིམ་གྷ་ལ་སི་མན། ཕྱི་ལོ་ ༢༠༠༨ ལོའི་གྱེན་ལངས་སྐོར་བཀའ་སློབ་སྩོལ་གྱི་ཡོད་དམ།
༸གོང་ས་མཆོག དེ་རང་བརྗོད་ཀྱི་ཡོད།
ཇིམ་གྷ་ལ་སི་མན། སྐུ་ཉིད་ཀྱིས་རིག་གནས་གསར་བརྗེ་དང་ཕྱེད་འདྲ་བའི་གནས་སྟངས་ཤིག་བཀའ་སྩལ་སོང་།
༸གོང་ས་མཆོག དེ་འདྲ་རེད།
ཇིམ་གྷ་ལ་སི་མན། འོན་ཀྱང་གནས་སྟངས་དེ་བོད་ནང་མ་གཏོགས་རྒྱ་ནག་སྐམ་སའི་ས་ཁུལ་གང་དུའང་དེ་འདྲ་ཞིག་ད་ཆ་མེད།
༸གོང་ས་མཆོག དེ་འདྲ་རེད། སྐབས་དེར་རྒྱ་ནག་དང་ས་འབྲེལ་གྱི་བོད་ཀྱི་ཞིང་ཆེན་ས་ཁུལ་ཁག་གི་གནས་སྟངས་དེ་བོད་རང་སྐྱོང་ལྗོངས་ཁུལ་གྱི་གནས་སྟངས་དང་བསྡུར་ན་ཏོག་ཙམ་དྲག་པ་ཡོད། འོན་ཀྱང་ད་ཆ་ས་ཁུལ་དེ་དག་ནང་དུའང་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད། ཉེ་ཆར་ངོས་ལ་གནས་ཚུལ་འབྱོར་བར་གཞིགས་ན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་མ་གཏོགས་པའི་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་གི་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་ཁོ་ན་བོད་སྐད་ཐོག་བསླབ་པ་མ་གཏོགས་སློབ་ཚན་གཞན་རྣམས་རྒྱ་སྐད་ཐོག་སློབ་ཁྲིད་འཆར་གཞི་ལག་བསྟར་བྱ་རྒྱུའི་སྐད་ཆ་བྱུང་འདུག དེ་ནས་ཉིན་ཤས་སྔོན་སློབ་གྲྭ་གཅིག་གི་ནང་རྒྱ་མིའི་ཉེན་རྟོག་པས་གློ་བུར་སྔོག་བཤེར་བྱེད་སྐབས་བོད་ཡིག་སློབ་དེབ་མང་པོ་ལག་སོན་བྱུང་བ་རྣམས་གཞུང་བཞེས་བཏང་སྟེ་གཞུང་གིས་གཏན་འབེབས་བྱས་པའི་སློབ་དེབ་ཁོ་ན་ཀློག་དགོས་པའི་གནས་སྟངས་ཆགས་ཡོད། དེར་བརྟེན་དངོས་གནས་དམ་བསྒྲགས་ཆེ་རུ་འགྲོ་བཞིན་ཡོད།
ཇིམ་གྷ་ལ་སི་མན། བོད་མི་ཚོས་དམ་བསྒྲགས་དེར་ཞི་བའི་ལམ་ནས་གདོང་ལེན་བྱ་རྒྱུའི་ཐབས་ལམ་གང་ཡོད་དམ།
༸གོང་ས་མཆོག ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཡོད་སྐབས་ཀྱི་གནས་ཚུལ་ཞིག་དྲན་བྱུང་། སྐབས་དེར་གྷན་དྷིའི་རྗེས་འབྲང་པ་འགའ་ཤས་དང་ཐུག་སྐབས་ཁོང་ཚོས་རྒྱ་གར་དབྱིན་གཞུང་མངའ་འོག་ཏུ་ཡོད་སྐབས་གྷན་དྷིས་དབུ་ཁྲིད་དེ་འཚེ་བ་མེད་པའི་ལམ་ནས་དབྱིན་གཞུང་དང་འབྲེལ་བ་མ་བྱས་པ་དང་དབྱིན་ཇིའི་ཅ་དངོས་བེད་སྤྱོད་མ་བྱས་པ་སོགས་མང་ཚོགས་ཀྱིས་ལས་འགུལ་ཇི་འདྲ་སྤེལ་མིན་ཉམས་མྱོང་དེ་འདྲ་བརྗོད་བྱུང་། སྐབས་དེར་ངོས་ཀྱིས་ཁོང་ཚོར་འདི་འདྲ་བརྗོད་རྒྱུ་བྱུང་། རྒྱ་གར་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་འོག་ཡོད་སྐབས་སྤྱིར་གནས་སྟངས་ཧ་ཅང་ཐབས་སྡུག་པོ་ཡོད་ནའང་རྒྱ་གར་ཡུལ་མི་ཚོར་སྨྲ་བརྗོད་རང་དབང་དང་ཁྲིམས་ཁང་དུ་ཁྲིམས་རྩོད་བྱ་རྒྱུའི་ཐོབ་ཐང་ཡོད། ད་ལྟའི་བོད་ནང་གི་དཔོན་པོ་གསར་པ་དེའི་འོག་བོད་མི་ཚོར་སྨྲ་བརྗོད་རང་དབང་དང་ཁྲིམས་རྩོད་ཐོབ་ཐང་མེད། མེས་པོ་དམ་པ་གྷན་དྷི་མཆོག་གིས་གཙོན་ཁང་ནས་ཁྲིམས་ཁང་ལ་ཞུ་སྙན་བྲིས་ཏེ་ཞུ་གཏུགས་བྱས་ཡོད། འོན་ཀྱང་གུན་ཁྲན་གཅིག་བསྡུས་རིང་ལུགས་འོག་དེ་འདྲ་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། དེ་འདྲ་ཧ་ལམ་མི་སྲིད་པ་ལྟ་བུ་ཞིག་རེད། དེར་བརྟེན་བོད་ནང་གི་བོད་མི་ཚོས་སྐད་འབོད་བྱེད་རྒྱུ་ཁོ་ན་ལས་ཐབས་ལམ་གཞན་མེད་པ་ལྟ་བུ་ཆགས་ཡོད། སྐད་འབོད་བྱེད་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་གཏོར་བཤིག་བཏང་བའི་ཉེས་འཛུགས་འོག་འཛིན་བཟུང་གིས་མནར་གཅོད་ཚབས་ཆེ་གཏོང་བཞིན་ཡོད། འཛིན་བཟུང་བྱས་པ་རྣམས་བཙོན་ཁང་ནས་གློད་བཀྲོལ་ཐོབ་སྐབས་མང་པོ་ཞིག་རྐང་ལག་ཆག་ནས་ཡོང་གི་ཡོད།
ཇིམ་གྷ་ལ་སི་མན། ཨ་རི་གཙོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱིས་ཕན་ཐོགས་གང་འདྲ་འདུག་གམ།
༸གོང་ས་མཆོག ཕན་ཐོགས་ཧ་ཅང་འདུག ལྷག་པར་ཕུགས་ལ་ཏན་ཏན་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ཕྱི་ནས་ཨ་རི་གཙོས་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་རྒྱ་ནག་གཞུང་དང་ལྷན་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནད་དོན་སྐོར་གླེང་བཞིན་ཡོད་པའི་སྐབས་འདིར། རྒྱ་ནག་སྐམ་ས་རང་གི་ནང་དུ་རྒྱ་རིགས་ཤེས་ཡོན་ཅན་མང་པོས་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་འདོད་བློ་མ་ཁེངས་པའི་རྣམ་འགྱུར་འདོན་བཞིན་ཡོད། གང་ཡིན་བརྗོད་ན་ཁོང་ཚོར་སྨྲ་བརྗོད་རང་དབང་དགོས་ཀྱི་ཡོད། འཛམ་གླིང་ཕྱི་ནས་ཁོང་ཚོར་རྒྱབ་སྐྱོར་ཐོབ་སྐབས་སེམས་ཤུགས་འཕར་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་ཕྱི་ནང་གཉིས་ཀྱི་མཐུན་འགྱུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཇིམ་གྷ་ལ་སི་མན། སྐུ་ཉིད་ནས་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་ཡོད་སྐོར་བཀའ་སྩལ་མཛད་པ་མ་རེད་དམ།
༸གོང་ས་མཆོག རེད།
ཇིམ་གྷ་ལ་སི་མན། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་རྒྱུའི་ལས་འགུལ་དེའི་ནང་ནང་ཆོས་དེ་གལ་ཆེ་ཆུང་གང་འདྲ་ཞིག་ཡིན་ནམ།
༸གོང་ས་མཆོག བོད་མི་ཚོའི་སྙིང་སྟོབས་དེ་ནང་ཆོས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། དཔེར་ན། པོ་ལན་ཌིའི་མི་མང་གི་སྙིང་སྟོབས་དང་མཚུངས་པ་ཞིག་རེད། པོ་ལན་ཌིའི་མི་མང་ཚོས་ན་ཛིའི་དབང་བསྒྱུར་དང་ཨུ་རུ་སུའི་དབང་བསྒྱུར་འོག་དཀའ་སྡུག་ཚད་མེད་མྱངས་ཡོད་ཀྱང་། སྐབས་དེར་པོ་ལན་ཌིའི་མི་མང་ཚོས་རང་གི་རྒྱལ་ཁབ་དང་ཕ་མེས་ནས་དར་བའི་ཆོས་༼ཡེ་ཤུ་རྣམ་དག་ཆོས་ལུགས༽གཉིས་པོར་ལ་རྒྱ་དང་དད་པ་གཡོ་བ་མེད་པའི་ཐོག་ནས་རྒྱལ་ཞེན་ལྷག་བསམ་རྒྱུུན་བསྲིངས་ཐུབ་པ་བྱུང་ཡོད། བོད་མི་ཚོས་ཀྱང་རང་མི་རིགས་ཀྱི་ལ་རྒྱ་དང་ནང་ཆོས་ལ་དད་པ་གཉིས་ཟུང་འབྲེལ་ཐོག་རྒྱལ་ཞེན་ལྷག་བསམ་དེ་ཉར་ཐུབ་པ་བྱུང་ཡོད།
ངོས་ཀྱིས་དུས་རྒྱུན་བོད་པའི་རིག་གཞུང་དེ་འཚེ་བ་མེད་པའི་རིག་གཞུང་ཞིག་ཡིན་པ་བརྗོད་ཀྱི་ཡོད། རྒྱ་མིའི་གཞུང་འབྲེལ་མི་སྣ་ཚོས་ཀྱང་དེ་ལྟར་ཁས་ལེན་བྱེད་ཀྱི་ཡོད། རྒྱ་མིའི་གཞུང་འབྲེལ་དཔོན་རིགས་གཅིག་གིས་དེ་སྔ་ཤིན་ཅང་དང་བོད་ནང་ངོ་རྒོལ་བྱུང་སྐབས་བོད་མི་ཚོའི་ལས་འགུལ་ཐོག་གཞུང་གིས་སེམས་འཁྲལ་ཆུང་བ་ཡོད། གང་ཡིན་བརྗོད་ན། གཞི་རྩའི་བོད་མི་ཚོ་ནང་པ་ཡིན་པར་བརྟེན་འཚེ་བ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད། དེར་བརྟེན་བོད་ཀྱི་རིག་གཞུང་དེ་འཚེ་བ་མེད་པ་དང་བྱམས་བརྩེ་ལ་གཞི་བཅོལ་བ་ཞིག་རེད། ཕུགས་ལ་བོད་ཀྱི་རིག་གཞུང་དེས་རྒྱ་རིགས་ཆོས་གྲོགས་ས་ཡ་མང་པོར་ཕན་ཐོགས་ཡོང་ངེས་ཤིག་ཆགས་ཡོད། ཕྱོགས་མཚུངས་དེང་སྐབས་རྒྱ་ནག་ནང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད།
ཇིམ་གྷ་ལ་སི་མན། བཟང་སྤྱོད་ཀྱི་རིན་ཐང་ལ་བཀའ་སྩལ་གྱི་ཡོད་དམ།
༸གོང་ས་མཆོག ནང་ཤེས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་ཡར་རྒྱས་གཏོང་བའི་ཐོག་ནས་དཀའ་ངལ་དེ་སེལ་ཐུབ་པ་ལས་ནག་ཉེས་ཅན་འགར་སྲོག་ཁྲིམས་བཅད་པ་ཙམ་གྱིས་དཀའ་ངལ་དེ་སེལ་མི་ཐུབ། དེར་བརྟེན་ཆོས་ལུགས་སྤྱི་དང་ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་རིགས་ཚོར་ཕུགས་ལ་ཏན་ཏན་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ།
ཇིམ་གྷ་ལ་སི་མན། དུས་ཚོད་ཀྱི་ཆ་ནས་དྲི་བ་མཐའ་མ་ཞུ་རྒྱུ་ནི། འཛམ་གླིང་ཁྱོན་ཡོངས་སུ་རང་དབང་འཐབ་རྩོད་པ་རྣམས་ལ་སྐུ་ཉིད་མཆོག་ནས་བཀའ་སློབ་གང་ཡོད་དམ།
༸གོང་ས་མཆོག འཚེ་བ་མེད་པའི་ཐབས་ལམ་གྱི་ཐོག་ནས་རང་གི་ལས་འགུལ་རྒྱུན་ཁྱོངས་ཐུབ་ན་ཕུགས་ལའང་ཏན་ཏན་དགེ་མཚན་ཆེ་བ་ཡོད། གནས་ཚུལ་བྱེ་བྲག་པ་དཔེར་ན། ཨི་ཇིབ་དང་ལི་བི་ཡའི་གནས་སྟངས་ལྟ་བུ་མང་ཚོགས་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་བྱུང་བ་དེ་རིགས་དམིགས་བསལ་ཡིན་པ་ལས་དེ་མིན་གཞི་རྩའི་འཚེ་བ་མེད་པའི་ལམ་ལ་འཇུག་རྒྱུ་གལ་ཆེན་པོ་རེད། དཔེར་ན། ཕི་ལི་པིན་གཅིག་བསྡུས་དབང་འཛིན་པ་མར་ཀོ་སི་མང་ཚོགས་ཀྱིས་འཚེ་བ་མེད་པའི་ལམ་ནས་ཕྱིར་འབུད་བཏང་བ་ལྟ་བུ་རེད།
ཇིམ་གྷ་ལ་སི་མན། བཀའ་གནང་རང་རེད།
༸གོང་ས་མཆོག འཚེ་བ་མེད་པའི་ལམ་ནས་མི་མང་སྒེར་ལངས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ད་ཆ་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད། དཔེར་ན་ཆི་ལིའི་ནང་ཆ་མཚོན་ནའང་རེད། དེ་མིན་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ནང་འཚེ་བ་མེད་པའི་ལམ་ནས་མི་མང་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཏེ་འགྱུར་བ་འགྲོ་བཞིན་ཡོད། དེར་བརྟེན་ངོས་ཀྱི་མཐའ་བསྡོམས་འབོད་སྐུལ་ཞུ་རྒྱུ་ནི། རང་ཉིད་ལ་བདེན་པ་ཡོད་པར་བརྟེན་ཆོད་སེམས་བརྟན་པོ་དང་སེམས་ཤུགས་སྐྱེས་པ་ཡིན་ན་རྒྱལ་ཁ་ཐོབ་ངེས་རེད། ངོས་ཀྱི་མི་ཚེའི་ནང་ཉམས་མྱོང་ཐོག་ནས་ལྟ་སྐབས་བདེན་པ་དེ་མེ་མདའི་ནུས་པ་ལས་ཤུགས་ཆེ་བ་ཡོད་པ་དེ་ཧ་ཅང་གསལ་པོ་རེད། མི་ཚང་མས་རང་གི་སྲོག་ལ་གཅེས་འཛིན་ཡོད་པར་བརྟེན་མེ་མདའི་ནུས་པ་དེ་འཕྲལ་སེལ་རིང་ཤུགས་ཆེན་པོ་ཡོད། མེ་མདའ་འདོན་སྐབས་ཞེད་སྣང་འོག་ཁྲིམས་ལ་བརྩི་སྲུང་མ་བྱེད་ཐབས་མེད་ཆགས་ཀྱི་ཡོད་ནའང་། དེ་ནི་འཕྲལ་སེལ་རེད། དེ་འདྲ་ཡིན་པ་དེ་འཛམ་གླིང་གི་བྱུང་རབས་ལོ་རྒྱུས་ནས་ར་སྤྲོད་གསལ་པོ་བྱེད་ཐུབ། དེ་འདྲ་སོང་རང་དབང་དང་མང་གཙོ་ནི་འགྲོ་བ་མི་ཚང་མར་ཐོབ་ཐང་ཡོད་པར་བརྟེན་འཐབ་རྩོད་བྱེད་རྒྱུ་དེ་རྒྱུ་མཚན་ལྡན་པ་ཞིག་དང་འགྲིག་པ་ཞིག་རེད།
ཇིམ་གྷ་ལ་སི་མན། ༸གོང་ས་མཆོག་ལ་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས་འདིར་འཚམས་འཇོག་ཞུ་རྒྱུ་ཡིན།
༸གོང་ས་མཆོག ཐུགས་རྗེ་ཆེ། ཞེས་ཆེད་དོན་དྲི་བར་བཀའ་ལན་རྒྱས་པར་མཛད་ཡོད།