༢༠༢༠ ཟླ་ ༥ ཚེས་ ༡༧ རེས་གཟའ་ཉི་མ།
༄༅། །ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེམ་བྷ་རོན་བྷེག་ Samuel D. Brownback མཆོག་གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་འདུག དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Morgan Deann Ortagus ལགས་ཀྱི་དྲི་བར་ལན་འདེབས་གནང་སྐབས་སྐུ་ཞབས་སེམ་བྷ་རོན་བྷེག་ Samuel D. Brownbackམཆོག་གིས། དེང་སྐབས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་དུས་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་གཙོས་གཅིག་བསྡུས་དབང་འཛིན་གྱི་སྲིད་གཞུང་ཁག་གཅིག་གིས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ནས་ཁོང་ཚོར་འཕྲོད་བསྟེན་གྱི་མཐུན་འགྱུར་ཚད་ལྡན་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་འཕྲོག་པ་དང་། མ་ཉེས་ཁ་གཡོག་བྱས་པ། དྲིལ་བསྒྲགས་ལོག་པ་སྤེལ་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། ཅེས་གསུངས།
སྤྱིར་འདི་ལོའི་ཕྱི་ཟླ་ ༤ ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེམ་བྷ་རོན་བྷེག་ Samuel D. Brownback མཆོག་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག བཙོན་ཁང་ནང་གི་བཙོན་པ་ཚོར་ནད་ཡམས་དེ་མྱུར་པོའི་ཐོག་ནས་འགོ་ཉེན་ཆེ་བའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ། བཙོན་པ་གློད་བཀརོལ་དགོས་པའི་རེ་འདུན་བཏོན་པ་ལྟར། ཨི་རཱན་དང་སྦར་མ། ཁུ་བྷ། རུ་སུ་བཅས་ཀྱིས་བཙོན་པ་ཁག་གཅིག་གློད་བཀྲོལ་བཏང་འདུག
དེ་ཡང་སྐུ་ཞབས་སེམ་བྷ་རོན་བྷེག་ Samuel D. Brownback མཆོག་གིས་མུ་མཐུད་གསུང་དོན། ནད་ཡམས་ཁྱབ་གདལ་ཆེ་བའི་དུས་སྐབས་དང་བསྟུན་བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་ཁྱིམ་ཚང་ས་ཡ་བཅུ་ལ་ཉེན་རྟོག་མི་སྣ་ས་ཡ་གཅིག་བཏང་ནས་བོད་མིའི་ཆོས་ལུགས་ཀྱི་བྱེད་སྒོར་དམ་བསྒྲགས་བྱེད་བཞིན་ཡོད། ཕྱོགས་མཚུངས་ཤར་ཏུར་ཀི་སི་ཐན་ནང་ལ་མཚོན་ནའང་ཁ་ཆེའི་གྲངས་ཉུང་མི་རིགས་ཚོར་དམ་བསྒྲསག་ཚབས་ཆེ་བྱེད་བཞིན་པ་ནི་དཔེར་ན། ནད་ཡམས་འགོ་ཉེན་ཡོད་མིན་ལ་ལྟོས་མེད་ཁ་ཆེ་བ་ཚོར་མུ་མཐུད་ལས་ཀ་བྱེད་བཅུག་པ་སོགས་ལ་བརྟེན་ནས་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་ནད་ཡམས་དེ་འགོ་རྒྱུའི་ཉེན་ཁ་ཧ་ཅང་ཡོད་འདུག ཅེས་ལན་འདེབས་གནང་འདུག
ཕྱོགས་མཚུངས་སྐབས་དེར་ཕ་རན་སིའི་ Agence France-Presse ཞེས་པའི་གསར་ལས་ཁང་གི་གསར་འགྱུར་པ་ཤོན་ཊེན་ཌོན་ Shaun Tandon ལགས་ཀྱིས། འདི་ལོ་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་ཡོད་སྟབས། ད་ལྟའི་ཆར་ཁོང་གི་གནས་སྟངས་ཐད་རྒྱུས་མངའ་ཇི་ཙམ་ཡོད་མེད་ཀྱི་དྲི་བ་ཞུས་པར་སྐུ་ཞབས་སེམ་བྷ་རོན་བྷེག་ Samuel D. Brownback མཆོག་གིས། དེ་རིང་གི་ཉིན་མོ་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་ཚིགས་འཁེལ་ཡོད། ང་ཚོས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་ད་ལྟའི་ཆར་རྩ་བ་ནས་ཤེས་ཀྱི་མེད་སྟབས། ང་ཚོས་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་གསལ་བཤད་དགོས་པ་དང་། མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་མུ་མཐུད་འདོན་བཞིན་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་ལ་ལོ་རྒྱུས་ཐོག་ནས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་ཐོབ་རྩ་བ་ནས་མེད། རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུ་ཡིན་པའི་རྣམ་འགྱུར་ཞིག་བར་ལམ་ནས་མུ་མཐུད་བཏོན་པར་བརྟེན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་དེ་རྒྱ་ནག་གཞུང་ལ་གནད་འགག་ཧ་ཅང་ཆེན་པོ་ཆགས་པ་མ་ཟད། ཀུན་གྱིས་དོ་སྣང་བྱེད་ཡུལ་ཞིག་ཀྱང་ཆགས་ཡོད།
ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐད་ཨ་རིའི་གཞུང་གིས་ད་བར་རྒྱ་ནག་དང་གླེང་སློང་བྱས་པ་མ་ཟད། མ་འོངས་པར་མུ་མཐུད་གླེང་སློང་བྱ་རྒྱུ་ཡིན། དེང་སྐབས་ཨ་རིའི་གྲོས་ཚོགས་ནང་དང་འཛམ་གླིང་ཁྱོན་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐད་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་ལྟ་བུ་འདུག དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་དང་འབྲེལ་བ་ཡོད་པར་བརྟེན་ནས་རེད། གནད་དོན་དེའི་ཐོག་རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་ཐོབ་ཐང་མེད་བཞིན་དུ་ཡོད་ཁུལ་བྱེད་བཞིན་པར་བརྟེན་རྒྱལ་སྤྱིའི་ནང་སེམས་འཚབ་ཆེན་པོ་སྐྱེ་བཞིན་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་ལ་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུ་དང་། ཡེ་ཤུའི་བླ་ཆེན་པོབ་ The Pope ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་ཡང་རྩ་བ་ཉིད་ནས་མེད། ཅེས་ལན་འདེབས་གནང་འདུག །