༢༠༢༠ ཟླ་ ༥ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་གདལ་སོང་བའི་དབང་གིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་རྫོགས་སྒོ་རྒྱག་དགོས་བྱུང་ཡོད་པ་དང་། དུས་ཡུན་འདིའི་རིང་སློབ་མ་རྣམས་ཀྱི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཆེད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༢༠ ཟླ་ ༤ ཚེས་ ༧ ནས་འགོ་འཛུགས་ཀྱིས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཡིག་དང་། ཨང་རྩིས། ཚན་རིག་སློབ་ཚན་བཅས་བོད་ཀྱི་དྲ་བརྙན་བརྒྱུད་སློབ་ཁྲིད་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་རེས་གཟའ་ཟླ་བ་འཆར་ཅན་ལ་ཨང་རྩིས་དང་། རེས་གཟའ་མིག་དམར་ལ་བོད་ཡིག། རེས་གཟའ་ལྷག་པའི་ཉིན་ཚན་རིག་བཅས་བོད་ཀྱི་དྲ་བརྙན་ངོ་དེབ་ཐོག་ཐད་གཏོང་ཞུ་བཞིན་པ་མ་ཟད། སྐབས་མཚམས་སོ་སོར་སློབ་གཉེར་བའི་དོགས་འདྲི་ཁག་ལ་ལན་འདེབས་ཀྱང་གནང་གི་ཡོད་པ་དང་། བརྙན་ཕབ་ཟིན་པའི་སློབ་ཁྲིད་བརྙན་ཐུང་ཁག་བོད་ཀྱི་དྲ་བརྙན་དང་ཤེས་རིག་ལས་ཁུངས་ཀྱི་ཡུ་ཊུབ་དྲ་མཛོད་ཐོག་བརྒྱུད་སྤེལ་གྱིས། སློབ་མ་རྣམས་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད། གོང་གསལ་སློབ་ཚན་ཁག་གི་སློབ་ཁྲིད་གནང་མཁན་ནི། དྷ་ས་བོད་ཁྱིམ་གྱི་རྒྱུས་སྟོན་པ་མིང་ཆུང་ལགས་དང་། རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས། ཚན་རིག་དགེ་རྒན་ལྷུན་གྲུབ་རྣམ་རྒྱལ་ལགས་བཅས་ཡིན།
གཞི་རིམ་བར་མའི་དྲ་བརྙན་སློབ་ཁྲིད་ལས་རིམ་འདིས་སློབ་ཕྲུག་རྣམས་ལ་ཕན་ཐོགས་གང་ལེགས་བྱུང་བ་དང་། རྒྱ་གར་དབུས་སའི་གཞུང་ནས་ཐེམ་སྤང་བཀག་རྒྱའི་དུས་ཡུན་འཕར་འགྱངས་གནང་བ་བཅས་ལ་བརྟེན། གཞི་རིམ་གོང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཚན་ཁག་དྲ་ཐོག་སློབ་ཁྲིད་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། དེ་ཡང་ཤེས་རིག་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར་སཾ་བྷོ་ཊ་དང་། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ཀྱི་སྤྱི་ཁྱབ་ཡིག་ཚང་བརྒྱུད་དྲ་ཐོག་སློབ་ཁྲིད་གནང་མཁན་དགེ་རྒན་༥༦ གི་མཚན་གཞུང་དང་། ཚོད་ལྟའི་བརྙན་ཐུང་བཅས་གནང་འབྱོར་བྱུང་བའི་ཁོངས། སློབ་ཚན་སོ་སོའི་དགོས་མཁོ་དང་། དགེ་རྒན་རྣམ་པའི་དྲ་ཐོག་སློབ་ཁྲིད་མཐུན་རྐྱེན་བཅས་ལ་གཞིགས་ཏེ། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཚན་མི་འདྲ་བ་ ༣༢ སློབ་ཁྲིད་གནང་མཁན་གྱི་དགེ་རྒན་གྲངས་ ༣༢ འདེམས་སྒྲུག་གིས། ཕྱི་ལོ་༢༠༢༠ ཟླ་ ༥ ཚེས་ ༥ ནས་དངོས་སུ་སློབ་ཁྲིད་འགོ་འཛུགས་ཞུས་ཡོད་པ་རེད། གོང་གསལ་སློབ་ཚན་ཁག་ཤེས་རིག་ལས་ཁུངས་དང་ཡུ་ཊུབ་དྲ་མཛོད་དང་། གཞུང་འབྲེལ་ངོ་དེབ་ཐོག་བརྒྱུད་སྤེལ་བྱེད་བཞིན་ཡོད་པ་རེད།
གོང་གསལ་དྲ་བརྙན་སློབ་ཚན་ཁག་གཤམ་གསལ་འབྲེལ་ཐག་བརྒྱུད་གཟིགས་རྒྱུ་ཡོད།
https://www.youtube.com/user/sherigCTA/playlists