༢༠༡༡ ཟླ་ ༦ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༩ ཉིན་ཨི་ཊཱ་ལིའི་གྲོས་ཚོགས་འཐུས་མི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (INPaT) ཚོགས་གཙོ་སྐུ་ཞབས་མེ་ཐིའོ་མེ་ཁ་ཅི་ (Matteo Mecacci) མཆོག་གིས་ཨི་ཊཱ་ལིའི་གྲོས་ཚོགས་སུ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་གསལ་བཤད་གནང་དོན།
བོད་ནང་ཟླ་ཤས་གོང་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་ཨི་ཊཱ་ལིའི་སྲིད་གཞུང་ལ་ངས་ཛ་དྲག་གི་འབོད་སྐུལ་ཞུ་བའི་སྐབས་འདིར་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི་ ༣༨ ཚང་མས་འདིར་རྒྱབ་སྐྱོར་དང་དཔང་རྟགས་གནང་བར་བཀུར་འོས་ཚོགས་གཙོ་མཆོག་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་གནས་སྟངས་ལྟ་བུར་མཚོན་ན་ཨི་ཊཱ་ལི་དང་ཡུ་རོབ་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། བོད་ནང་བྱུང་བའི་གནས་ཚུལ་དེ་དག་གསང་ཐབས་མེད། ང་ཚོའི་སྲིད་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་འགའ་རེས་བོད་མིའི་གནས་སྟངས་ཐོག་སྐད་ཆ་ཤོད་རྒྱུར་འཚེར་སྣང་བྱེད་བཞིན་འདུག སྟབས་མ་ལེགས་པ་ཞིག་ལ་འདས་པའི་ལོ་འགའ་ཤས་ནས་བོད་མི་ཚོར་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད། དེང་སྐབས་ཚང་མས་ལྷོ་ཨ་ཕི་རི་ཀའི་ནང་དོ་སྣང་ཆེན་པོ་བྱེད་བཞིན་པའི་གནས་སྟངས་དང་རྒྱ་ནག་ནང་ལོ་མང་རིང་ནས་གཅིག་བསྡུས་དབང་འཛིན་པས་སྲིད་དབང་སྒེར་གཅོད་བྱས་པའི་གནས་སྟངས་གཉིས་ལ་ཁྱད་པར་གང་ཡང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་སྤྲོད་ཐུབ་ཀྱི་ཡོད་པ་གསལ་པོ་རེད།
བདུན་ཕྲག་འགའ་ཤས་སྔོན་ནས་བྱུང་བའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དེ་ཐོག་མར་དགོན་པ་དེའི་བོད་མི་དགེ་འདུན་པ་གཞོན་སྐྱེས་ཤིག་གིས་རང་ཉིད་ཀྱི་སྐུ་སྲོག་བློས་བཏང་བ་ནས་བཟུང་དོན་རྐྱེན་དེ་འགོ་བཙུགས་ཡོད། རྒྱ་ནག་གཞུང་གིས་དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་གྱིས་བོད་མི་ཚོའི་རང་གི་རྩ་བའི་བླ་མ་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་མི་ཆོག་པའི་བཙན་བཀའ་བཏང་སྟེ་བོད་མི་ཚོའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་ཡོད།
དེར་བརྟེན་རྔ་པའི་མི་མང་དང་རྔ་པ་ཀིརྟི་དགོན་པ་བཅས་ནས་བོད་མི་སྟོང་ཁྲག་མང་པོས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་པའི་སྲིད་བྱུས་དེར་ཞི་བའི་རྔམ་སྟོན་བྱེད་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཡོད་པ་མ་ཟད། རྔ་པ་ཀིརྟི་དགོན་པ་སྒོ་བརྒྱབ་སྟེ་དགེ་འདུན་པ་ཕྱིར་མ་བཏང་བ་མ་ཟད། ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་མཁན་རྔ་པའི་མང་ཚོགས་རྣམས་ཀྱི་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་འཚོ་བའི་ཡོ་བྱད་ཁ་ཟས་དང་འཐུང་ཆུ་སོགས་སྐྱེལ་དུ་འགྲོ་སྐབས་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད། ཕྱོགས་མཚུངས་རྔ་པའི་མི་མང་དང་ཀིརྟི་དགོན་པའི་དགེ་འདུན་པ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་རྒྱ་ནག་གཞུང་གིས་བཙོན་འཇུག་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་བརྒྱུད་ནས་དམ་བསྒྲགས་བྱེད་རྒྱུ་དེ་ནི་དམར་ཤོག་གི་དཔེ་དེབ་ནག་པོ་ (Black Book Of Communism) ཞེས་པའི་ནང་འཁོད་པའི་གནས་སྟངས་དང་གཅིག་མཚུངས་ཤིག་ཆགས་ཡོད། དཔེ་དེབ་དེ་ནི་ཨི་ཊཱ་ལིའི་ཡུལ་མི་ཚོར་ཡོངས་གྲགས་ཆགས་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྤྱི་ཚོགས་རྙིང་པ་རོ་ལང་རྒྱག་རྒྱུའི་ཆབ་སྲིད་ཀྱི་བྱུས་སྒོ་སྤེལ་རྒྱུ་ཟེར་བ་དེ་ད་ཆ་འབྲེལ་མེད་ཆགས་ཟིན། གང་ཡིན་བརྗོད་ན་ཉིན་ཤས་སྔོན་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཡོད་པའི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྣམས་ཕྱིར་བསྡུ་བྱས་ཡོད།
གྲོས་ཚོགས་ཀྱི་རྭ་བ་འདིའི་ནང་གླེང་བའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དཀའ་ངལ་ཐོག་ཨི་ཊཱ་ལིའི་སྲིད་གཞུང་གིས་ཐུགས་ཞིབ་གནང་རྒྱུར་ངས་རེ་བ་ཞུ་བཞིན་ཡོད།
ཅེས་སོགས་ཀྱི་ཛ་དྲག་གི་འབོད་སྐུལ་ཞུས་པར་ཨི་ཊཱ་ལིའི་དཔལ་འབྱོར་ཡར་རྒྱས་ལྷན་ཁང་གི་དྲུང་གཞོན་ལས་རོགས་སྐུ་ཞབས་སི་ཊི་ཕཱ་ནོ་སི་ཊག་ལི་ཡ་ (Stefano Staglia) མཆོག་གིས་ཨི་ཊཱ་ལིའི་སྲིད་གཞུང་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང་ཟུང་འབྲེལ་ཐོག་རྔ་པ་ཀིརྟི་དགོན་པ་ནས་གནས་ཚུལ་ཐོན་པ་དེར་ང་ཚོ་འདོད་བློ་མི་ཁེངས་པའི་ཚོར་སྣང་བྱུང་བ་དེ་མགྲིན་དབྱངས་གཅིག་གྱུར་གྱིས་རྒྱ་ནག་གཞུང་ལ་བརྗོད་རྒྱུའི་ཐག་གཅོད་ཟིན་ཡོད་ཅེས་གསལ་བཤད་གནང་ཡོད་པ་བཅས།།
ཨི་ཊཱ་ལིའི་གྲོས་ཚོགས་ནང་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཐོག་ཛ་དྲག་གི་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།