༢༠༢༠ ཟླ་ ༥ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་ ༢༠༢༠ ཞེས་པ་དེའི་ཐོག་གོ་བསྡུར་སྦྱངས་བཤད་གནང་གཏན་འཁེལ་འདུག ཁྲིམས་འཆར་དེར་དེ་སྔ་ ( བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་ ༢༠༡༩ ) ཞེས་ཡོངས་གྲགས་ཡིན། དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་དོན། ད་ལྟ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་ཛ་དྲག་གི་དུས་སྐབས་འདིར་གྲོས་ཚོགས་ལ་མཚོན་ན། དུས་བསྟུན་ལས་གཞི་གལ་གནད་ཆེ་བ་མང་དག་ཅིག་སྤེལ་དགོས་པའི་དུས་སྐབས་ཤིག་ཡིན་ཡང་། ཨ་རིའི་གྲོས་ཚོགས་གོང་མས་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པའི་ཐོག་གོ་བསྡུར་སྦྱངས་བཤད་གནང་རྒྱུའི་ཐག་གཅོད་གནང་བ་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་མཚོན་པ་རེད། ང་ཚོ་བོད་མི་ཚོས་ཨ་རིའི་གྲོས་ཚོགས་ལ་བཀའ་དྲིན་བསམ་ཤེས་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དེར་ཚད་མཐོའི་མང་མོས་ཐོག་ནས་རྒྱབ་སྐྱོར་གནང་ཟིན། ཁྲིམས་འཆར་དེར་མཚོན་ན་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱ་སྐྱོར་གྱི་སྲིད་བྱུས་ ༢༠༠༢ ཞེས་པ་གཏན་འབེབས་གནང་རྗེས་ད་བར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྱབ་ཆེ་ཤོས་ཆགས་འདུག་པ་བཅས།།