༢༠༡༡ ཟླ་ ༦ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ནིའུ་ཛི་ལན་ཌི་དང་ཨོ་སི་ཊོ་ལི་ཡའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྟེ་ཐོག་མར་ཕྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༢༠ ཐོག་ནིའུ་ཛི་ལན་ཌིའི་ས་ཁུལ་ཁ་རི་སི་ཊི་ཆར་ཆ་ (Christchurch) ཞེས་པའི་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཏེ་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་བཀའ་སློབ་དང་སེམས་གསོ་སོགས་མཛད།
ཕྱི་ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལན་ཌིའི་གྲོང་ཁྱེར་ཁ་རི་སིཊ་ཆར་ཆ་ (Christchurch) ཞེས་པར་དད་ལྡན་མང་ཚོགས་ ༥༠༠༠ བརྒལ་བར་ཀེན་ཊར་བྷུ་རིའི་རྩེད་ཐང་ཆེན་མོར་ (CBS Canterbury Arena) བཀའ་སློབ་དང་ཐུགས་སྨོན་མཛད་རྗེས་ས་ཡོམ་གྱི་གོད་ཆག་ཕོག་མཁན་རྣམས་དང་མྱུར་སྐྱོབ་ལས་བྱེད་རྣམ་པར་ཁ་རི་སི་ཊི་ཆར་ཆའི་སྨན་ཁང་དུ་མཇལ་ཁ་སྩལ།
ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་ནིའུ་ཛི་ལན་ཌིའི་ནང་དེ་སྔ་ས་ཡོམ་གྱི་གོད་ཆག་ཕོག་པའི་གྲོང་ཁྱེར་ཁ་རི་སི་ཊི་ཆར་ཆའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ས་གནས་དེ་ནས་ཆིབས་ཞལ་བསྒྱུར།
ཕྱི་ཚེས་ ༩ སྔ་དྲོར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་༸ཞབས་སོར་འཁོད་ཡོད།
ཕྱི་ཚེས་ ༡༠ རེས་གཟའ་པ་སངས་ཉིན་ཐོག་མར་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་དུ་ཝི་ཏི་ནམ་ནང་པའི་དགོན་པ་གསར་པ་ཀང་མིན་ (Quang Minh) དབུ་འབྱེད་དང་སྦྲགསཝི་ཏི་ནམ་ནང་པ་གྲངས་ ༡༥༠༠ ཙམ་ལ་བཀའ་སློབ་སྩལ།
ཕྱི་ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་ཚོགས་ཁང་ (Melbourne Convention and Entertainment Centre) ཞེས་པའི་ནང་དད་ལྡན་ཆོས་ཞུ་བ་ ༣༠༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་དབུ་འཛུགས་མཛད།
ཕྱི་ཚེས་ ༡༢ ཉིན་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བོད་རིགས་དང་རྒྱ་རིགས། འབྲུག་པ་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་སྐབས་མགོན་པོ་གང་ཉིད་མཆོག་གིས་རྒྱ་རིགས་གཞོན་སྐྱེས་དང་ནང་པ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཀེན་བྷེར་རར་ཆིབས་སྒྱུར་ཞལ་བསྒྱུར།
ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེ་རི་ནང་གི་གྲོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཊོ་ནི་ཨེ་བྷོ་ཊ་ (Tony Abbott) མཆོག་དང་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་ཝ་རེན་ཊུ་ སི་ (Warren Truss) ལགས། ལྗང་ཁུ་ཚོགས་པའི་འགོ་ཁྲིད་བྷོབ་བྷ་རོན་ (Bob Brown) མཆོག ཤེས་ཡོན་བློན་ཆེན་པི་ཊར་གྷ་རེ་ཌ (Peter Gerrett) མཆོག་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་ཀེན་བྷེ་རའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཁུན་སི་ལེན་ཌི་མངའ་སྡེའི་རྒྱལ་ས་བྷི་རི་སི་བྷེན་ (Brisbane) དུ་༸ཞབས་སོར་བདེ་བར་འཁོད་དེ་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ཆེད་དོན་དྲི་བའི་ལས་རིམ་ཐོག་ལྷན་ཞུགས་མཛད་ཡོད།
ཕྱི་ཚེས་ ༡༦ ཉིན་་ཨོ་སི་ཊོ་ལི་ཡའི་གླིང་ཆེན་གྱི་རྒྱ་མཚོའི་མཐའ་མཚམས་སུ་ཆགས་པའི་མཛེས་སྡུག་ལྡན་པའི་གྲོང་སྡེ་སན་ཤ་ཡིན་ཀོ་སི་ (Sunshine Coast) ཞེས་པར་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ནང་པའི་ཆོས་ཚོགས་སུ་དགེ་བཙུན་གྲངས་ ༥༠༠ བརྒལ་བ་ཙམ་དང་གཞན་མང་ཚོགས་གྲངས་ ༣༥༠༠ བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ།
ཕྱི་ཚེས་ ༡༧ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བྷི་རི་སི་བྷེན་དུ་ཚན་རིག་པ་དང་ལྷན་བདེ་སྐྱིད་དང་དེའི་རྒྱུ།(Happiness and its causes) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས།
ཕྱི་ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་པཱར་ཐ་ (Perth) ནང་བྷར་སི་ཝུཌ་ཚོགས་ཁང་ཆེན་མོའི་(Burswood Dome) ནང་མང་ཚོགས་ ༡༤༥༠༠ ཙམ་ལ་དེང་དུས་སྤྱི་ཚོགས་ནང་ཆོས་ཀྱི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ།
ཕྱི་ཚེས་ ༢༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཊོ་ལི་ཡའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་རྒྱ་གར་ལ་ཆིབས་ཞལ་བསྒྱུར།
ཕྱི་ཚེས་ ༢༡ སྔ་དྲོ་ཆུ་ཚོད་ ༩།༥༠ ཙམ་ལ་ལྡི་ལི་ནས་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཁྲིར་འདེམས་ཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
ག་གྷལ་གནམ་ཐང་ནས་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཕོ་བྲང་གི་རྒྱལ་སྒོའི་མདུན་དུ་ཆུ་ཚོད་ ༡༠།༣༠ ཙམ་ལ་༸ཞབས་སོར་འཁོད་མཚམས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།
་