༢༠༡༡ ཟླ་ ༦ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ཟླ་ ༦ ཚེས་ ༢༠ ཉིན་འཛམ་གླིང་སྐྱབས་བཅོལ་བའི་ཉི་མོ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ལོ་ ༢༠༡༠ ལོའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་འཁོད་དོན། བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་སྐྱབས་བཅོལ་བ་དང་བལ་ཡུལ་དུ་ཡུན་རིང་གོང་ནས་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བའི་ཚོགས་པ་ཁག་ཉེན་ཚབས་ཆེ་བའི་གནས་སུ་གྱུར་ཡོད་སྐོར་བརྗོད་འདུག དེ་ལྟ་བུའི་ཉེན་ཚབས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལས་ཁུངས་དང་བལ་ཡུལ་གཞུང་ངོས་ནས་བོད་མི་སྐྱབས་བཅོལ་བ་ཚོར་སྲུང་སྐྱོབ་འདང་ངེས་ཤིག་སྤྲོད་མི་ཐུབ་པའི་སྐྱོན་དང་། ལྷག་པར་རྒྱ་ནག་གཞུང་ནས་བལ་ཡུལ་ཐོག་འཛིན་པའི་བཀོལ་སྤྱོད་སོགས་ཀྱི་ཡིན་ཞེས་འཁོད་འདུག
ཕྱི་ལོ་ ༢༠༡༠ ཟླ་ ༦ པའི་བོད་མི་བྲོས་བྱོལ་བ་མི་གྲངས་བདུན་ཡོད་པའི་ནང་ཕྲུ་གུ་རང་ལོ་ ༧ ལ་སོན་པའི་བུ་མོ་ཞིག་དང་། རང་ལོ་ ༡༢ ལ་སོན་པའི་བུ་དང་། དེ་བཞིན་ལོ་དེའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གི་དམག་མིས་འཛིན་བཟུང་བྱས་ཏེ་བལ་ཡུལ་གཞུང་གི་གཞུང་ཞབས་དང་སྐོར་སྲུང་བ་མཉམ་སྦྲེལ་ཐོག་བོད་དུ་ཕྱིར་ལོག་བཏང་བའི་གནས་ཚུལ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐེངས་གཉིས་པ་དེ་ཆགས་ཡོད་པའི་འགྲེལ་བརྗོད་གནང་འདུག
བལ་ཡུལ་གཞུང་དེ་བཞིན་རྒྱལ་ཚོགས་ནང་སྐྱབས་བཅོལ་བ་ཕྱིར་ལོག་གཏོང་ཕྱོགས་ཀྱི་གནས་སྟངས་དང་འབྲེལ་བའི་ལྷན་ཚོགས་ཀྱི་དམ་ཡིག་ལ་ས་རྟགས་རྒྱག་མཁན་ཞིག་མིན། འོན་ཀྱང་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ལྷན་ཚོགས་ཀྱི་དམ་ཡིག་ལ་ངོས་ལེན་བྱེད་མཁན་ཞིག་ཡིན་པར་བརྟེན། བོད་མི་བཙན་ཤེད་ཀྱིས་ཕྱིར་ལོག་བྱས་པ་རྣམས་དོ་དམ་བཀག་ཉར་བཙོན་འཇུག་དང་། གདུག་རྩུབ་སྣ་ཚོགས་གཏོང་གི་ཡོད་པ་ཤེས་དགོས་ཞེས་འགྲེལ་བརྗོད་ཀྱང་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མཱ་རི་བྷོ་ཌ་མར་ཀལ་ཌེ་ལགས་ཀྱི་གསུང་གསལ། བལ་ཡུལ་གཞུང་ངོས་ནས་རང་གི་རིག་གཞུང་དང་རྒྱལ་སྤྱིའི་ཡ་རབས་ཚད་གཞི་ལ་རྡོག་རོལ་བཏང་ན་འགྲིགས་ཀྱི་མེད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོའི་ནང་རྒྱབ་གཉེར་དགོས་འདུན་བཏོན་ཡོད་པའི་ནང་འཁོད་དོན། ཨ་རི་དང་ཡུ་རོབ། ཕྱི་རྒྱལ་རྒྱལ་ཁབ་ཁག་ནས་བལ་ཡུལ་གཞུང་ལ་བོད་མི་བྲོས་བྱོལ་དུ་ཡོང་སྟེ་སྐྱབས་བཅོལ་བའི་གནས་སྟངས་སྲུང་སྐྱོབ་དང་། དེ་བཞིན་བལ་ཡུལ་ནང་ཡུན་རིང་ནས་གནས་སྡོད་བྱེད་མཁན་བོད་མིའི་སྐྱབས་བཅོལ་བའི་གནས་བབས་དང་རང་དབང་གནས་སྟངས་ཐོག་རྩིས་མཐོང་གནང་ཐབས་ཡོང་བའི་མཉམ་ལས་གནང་རོགས། ཕྱོགས་མཚུངས་བལ་ཡུལ་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལས་ཁུངས་ངོས་ནས་མཐའ་མཚམས་ཁུལ་དུ་ཞིབ་གཤེར་གནང་མཚམས་ཡུལ་མི་ཚོས་སྐྱབས་བཅོལ་བ་ཚོར་ལྟ་རྟོག་གནང་སྟངས་དང་སྐྱབས་བཅོལ་བ་རྣམས་བཙན་ཁྲིད་ཀྱིས་ཕྱིར་ལོག་བྱེད་འཆར་གྱི་ཛ་དྲག་གནས་སྟངས་སྐབས་ཐེ་བྱུས་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་བཅས། །