ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཨིན་ཡུལ་གྲོང་སྡེ་ལས་ཁུངས་ Milton Keynes ཞེས་པས་ལོ་ལྟར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད་ཀྱང་། འདི་ལོར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་པའི་ཛ་དྲག་གི་དུས་སྐབས་ཆགས་པར་བརྟེན། གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Mayor Sam Crooks མཆོག་གིས་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་དྲ་རྒྱ་བརྒྱུད་ནས་གསལ་བཤད་གནང་འདུག
སྐབས་དེར་ཁོང་གིས་གསུང་དོན། ང་ཚོས་ལོ་ལྟར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ཉིན་མོ་ཞེས། གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད། དེར་རྒྱུ་མཚན་གསུམ་ཡོད། རྒྱུ་མཚན་དང་པོ་ནི། བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྣམ་པ་མཚོན་ཕྱིར་ཡིན། དེ་ཧ་ཅང་གལ་ཆེན་པོ་རེད་འདུག གཉིས་ནས་རྒྱལ་ཁབ་ཕན་ཚུན་དབར་ལོ་རྒྱུས་ཀྱི་འབྲེལ་ལམ་དང་ངོས་འཛིན་ལ་མུ་མཐུད་རྒྱུན་སྐྱོང་དམ་འཛིན་གནང་དགོས་པ་གལ་ཆེན་པོ་ཡིན་པ་ལས། ས་ཆ་བཙན་འཕྲོག་བྱས་ཀྱང་བཙན་འཕྲོག་བྱས་པའི་ས་ཆ་དེའི་ཐོག་གཞན་གྱི་དབང་སྒྱུར་བྱས་པ་དེར་ཁྲིམས་མཐུན་ངོས་འཛིན་བྱེད་ཐུབ་ཐབས་མེད། གསུམ་པ་ནི། ང་ཚོས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་བཀུར་ཞུ་བཞིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ལོ་ལྟར་འདི་ག་གྲོང་སྡེ་ལས་ཁུངས་སུ་བོད་ཀྱི་རྒྱལ་དར་འགྲེང་འཛུགས་ཞུ་རྒྱུའི་ལམ་སྲོལ་བྱུང་ཡོད། མ་འོངས་པར་ཡང་ང་ཚོས་ལས་འགུལ་དེ་ལྟར་མུ་མཐུད་སྤེལ་རྒྱུ་ཡིན། ཞེས་གསུངས། ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Mayor Sam Crooks མཆོག་ལ་ཐུགས་རྗེ་ཆེ་ཞུས་འདུག
ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཉིན་མོ་ཆེས་ཐོག་མ་སྲུང་བརྩི་ཞུས་ཡོད་ཅིང་། ད་བར་ཐེངས་དྲུག་པ་ཆགས་ཡོད། ལོ་ལྟར་དེ་ཉིན་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་སྲོལ་ཡོད་པ་མ་ཟད། སྐུ་ཚབ་དོན་གཅོད་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་སྐོར་གསུང་བཤད་གནང་སྲོལ་ཡོད་པ་རེད། གསུང་བཤད་ལས་རིམ་གྲུབ་མཚམས་ཝི་ལེན་མཚོ་འགྲམ་ Willen Lake ནས་གོམ་འགྲོས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཐོགས་ནས་མི་མང་ཚོར་བོད་དོན་གོ་རྟོགས་ལས་འགུལ་སྤེལ་སྲོལ་ཡོད་པ་བཅས། །