ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཟླ་ ༣ ཚེས་ ༣༡ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་རྒྱ་ནག་བསྐོ་གཞག་གནང་རྒྱུའི་ཐག་གཅོད་གནང་བ་ལྟར། རྒྱ་ནག་གཞུང་གི་རྒྱལ་ཚོགས་གཏན་འཇག་དོན་དཔྱོད་ Mr Jiang Duan ཟེར་བ་ཁོ་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་བྱས་ཡོད། འོན་ཀྱང་་དབུས་དང་ཤར་ཡུ་རོབ་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ ༨༢ ཀྱིས་ཐག་གཅོད་དེར་བརྩི་མེད་ཡོང་བའི་འབོད་སྐུལ་ཞུ་སྙན་ཞིག་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Mr Antonio Guterres མཆོག་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ Ms Elisabeth Tichy- Fisslberger མཆོག དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ Ms Michelle Bachelet མཆོག་སོགས་ལ་ཕུལ་བ་མ་ཟད། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཚོགས་མིའི་རྒྱལ་ཁབ་གྲངས་ ༥༥ རྣམས་ལའང་ཕུལ་འདུག
སྤྱིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་ཁོངས་སུ་རྒྱལ་ཁབ་ལྔ་ཡོད་ཅིང་། རྒྱ་ནག་གིས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོན་ཁུལ་བྱས་ཡོད། ཚོགས་ཆུང་གི་ཚོགས་མིའི་ཡོངས་ཁོངས་སྡེ་ཚན་ལྔར་དབྱེ་བ་རྣམས་ནི། ཨ་ཕི་རི་ཀའི་སྡེ་ཚན། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྡེ་ཚན། ཤར་ཡུ་རོབ་སྡེ་ཚན། ལྷོ་ཨ་མི་རི་ཀ་དང་ཀེ་རི་བྷི་ཡེན་གླིང་ཕྲན་སྡེ་ཚན། ནུབ་ཡུ་རོབ་སྡེ་ཚན་དང་གཞན་ཁག་གཅིག་བཅས་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་དེ་དག་གིས། སྒྲིག་འཛུགས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཐོག་དམིགས་བསལ་ཆེད་ལས་ཚན་པ་བསྐོ་གཞག་བྱ་རྒྱུ་དང་། རྒྱལ་སྤྱིའི་ཁྱོན་དུ་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་རྩད་གཅོད་ཆེད་བཙུགས་པའི་ཆེད་ལས་ཚོགས་ཆུང་གི་ལས་དོན་ཐག་གཅོད་བྱ་རྒྱུ། བཙན་དབང་འོག་བཀག་ཉར་བྱེད་པའི་མི་སྣ་རྩད་ཞིབ་ཚོགས་ཆུང་གི་ལས་དོན་སོགས་ཀྱིས་མཚོན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་འགངས་ཆེ་བ་མང་པོ་ཞིག་ཐག་གཅོད་གནང་ཆོག་པ་རེད་འདུག དེར་བརྟེན་ཞུ་སྙན་དེའི་ནང་དུ་ཐེངས་འདིར་རྒྱ་ནག་ལམ་སྟོན་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་བྱས་པ་དེ་ལ་བརྟེན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམིགས་བསལ་གནད་དོན་ ༡༧ ཐོག་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་པ་དང་། འབྱུང་འགྱུར་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་རྒྱལ་ཚོགས་ཀྱི་ལམ་ལུགས་ལ་བརྩི་མེད་འགྲོ་ངེས་ཡིན་སྟབས། ང་ཚོས་སྤྱང་ཀི་ལུག་རྫིར་བཞག་ན་འགྲིག་ཐབས་མེད་པའི་དཔེ་ལྟར། ཐེངས་འདིར་རྒྱ་ནག་ཚོགས་ཆུང་གི་ཚོགས་མི་ནས་ཕྱིར་འཐེན་གནང་དགོས། ཞེས་འཁོད་འདུག
ལྷག་པར་ཞུ་སྙན་དེའི་ནང་དུ། ཉེ་ལམ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོག་མ་འཐོན་སྐབས་རྒྱ་ནག་གཞུང་གིས་གསང་བ་བྱས་པ་དང་། དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་བྱེད་མཁན་ལ་འཇིགས་སྐུལ་བྱས་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལས་ཁུངས་ལ་གནས་ཚུལ་འཁྱོག་བཤད་བྱས་པ་སོགས་ལ་བརྟེན་ནས་ད་ཆ་འཛམ་གླིང་ཡོངས་ལ་མི་ཤི་རྐྱེན་ཆགས་སོགས་ཡ་ང་དགོས་པའི་ཛ་དྲག་གི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་ཡོད་སྐོར་གསལ་འདོན་གནང་འདུག
ཐེངས་འདིར་རྒྱ་ནག་ལམ་སྟོན་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་བྱས་པ་དེས་བོད་མི་ཚོར་བརྡ་ལན་ལོག་པ་ཞིག་བཏང་བ་མ་ཟད། ཤར་ཏུར་ཀི་སི་ཐན་དང་། ལྷོ་སོག་པོ། དེ་བཞིན་ཧོང་ཀོང་མི་མང་། གཞན་ཡང་རྒྱ་རིགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོ་ཞིག་ཡོད་པ་ཚོར་ཡང་བརྡ་ལན་ལོག་པ་ཞིག་འགྲོ་ངེས་ཡིན། བོད་མིར་མཚོན་ན་ལོ་ངོ་དྲུག་ཅུ་ལྷག་རིང་རྒྱ་ནག་དམར་པོའི་སྲིད་གཞུང་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་དང་། བོད་མི་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ལྟོས་བཅོལ་བཞིན་ཡོད་སྟབས་ཁོང་ཚོའི་རེ་བ་བཅོལ་བ་དེར་བརྩི་མེད་རྡོག་རོལ་གཏོང་མི་རུང་། ཞེས་འཁོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཞུ་སྙན་དེའི་ཐོག་གསུང་དོན། ང་ཚོས་ཞུ་སྙན་འདི་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིས་གཙོས་འབྲེལ་ཡོད་ལྷན་ཁང་ཚང་མར་ཕུལ་ཡོད།
ཐེངས་འདིར་གཞུང་འབྲེལ་མིན་པའི་ཚོགས་པ་ ༨༢ འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ཐུགས་ཁུར་ཆེ་བཞེསགནང་བ་དེ་ནི་བསྔགས་འོས་སུ་མཆིས། འབྱུང་འགྱུར་ལས་འགུལ་དེ་རིགས་ད་དུང་མང་ཙམ་སྤེལ་དགོས་པ་གལ་གནད་ཆེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་སྒྲིག་འཛུགས་ལ་འཛམ་གླིང་མི་མང་ཚང་མས་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་སྟབས་རྒྱལ་ཚོགས་ནས་ཀྱང་མི་མང་གི་རེ་བ་དང་ཡིད་ཆེས་ལ་བརྩི་བཀུར་དང་ལེན་ངེས་པར་ཞུ་དགོས། ཞེས་གསུངས། །