༢༠༢༠ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་པར་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་གྱེན་ལངས་བྱས་པ་ནས་བཟུང་། ལོ་ལྟར་དེ་ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ལས་འགུལ་སྤེལ་དང་སྤེལ་མུས་རེད། དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མི་མང་ཚོས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་པ་དེས་རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཧ་ཅང་ཡོང་བཞིན་ཡོད་སྟབས། བོད་མིའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནུས་མེད་དུ་གཏོང་ཆེད་རྒྱ་ནག་གཞུང་གིས་བསམ་བཏང་དྲན་སྐྱེད་ཀྱིས་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཁྲོད་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ནང་། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ། ཟེར་བ་ཞིག་ཆེད་མངགས་བཟོས་ནས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སྲུང་བརྩི་བྱེད་དགོས་པ་བཙན་བཀའ་བཏང་དང་གཏོང་བཞིན་ཡོད། ལས་འགུལ་དེ་ལྟར་སྤེལ་བ་བརྒྱུད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ས་དབང་སྒྱུར་བྱས་པ་དེར་ཁྲིམས་མཐུན་གྱི་བདག་དབང་ཐོབ་ཐབས་བྱེད་བཞིན་པ་མ་ཟད། ཉོན་མོ་དེ་ནི་རྒྱ་ནག་གཞུང་དེ་བོད་མི་ཚོར་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་སྡུག་ཡུས་ཤོད་རྒྱུའི་ཉིན་མོ་ཞིག་ཀྱང་ཆགས་པ་རེད།
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་མོར་མཚོན་ན་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་གོད་ཆགས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་ནས་མིའི་འཕྲོད་བསྟེན་ལ་གནོད་འཚེ་ཧ་ཅང་བཟོས་པ་མ་ཟད། མི་གྲངས་ཁྲི་ཕྲག་མོང་པོའི་ཚེ་སྲོག་ཤོར་བའི་ཛ་དྲག་གི་དུས་སྐབས་ཞིག་འཁེལ་ཡོད། དེ་ལྟར་ནའང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་བསྒྲུབ་ཆེད་དེ་ཉིན་བོད་མིའི་ཐོག ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ། ཟེར་བ་ལྷ་སར་སྲུང་བརྩི་ཞུ་འཇུག་པ་དང་། འདི་ལོའི་དུས་དྲན་ཉིན་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་ཀྲུའུ་ཞི་ཆེ་དགྲ་ལྷ་ཁོ་པས་གཏམ་བཤད་བྱེད་དོན།
རྒྱ་ནག་བཅིངས་བཀྲོལ་དམག་མིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༦༠ རིང་དེར་བོད་མི་བྲན་གཡོག་རྣམས་གཞན་གྱི་དབང་འོག་ལས་བྲོལ་ཏེ་རང་ཉིད་བདག་པོར་འགྱུར་ཐུབ་པ་མ་ཟད། དམངས་གཙོའི་བཅོས་སྒྱུར་དང་དཔལ་འབྱོར་འཛུགས་སྐྲུན་གྱི་འཕེལ་རྒྱས་ཧ་ཅང་ཕྱིན་ཡོད། ཅེས་བཤད་པ་མ་ཟད། ཆོས་དད་རང་མོས་ཡིན་པ་དང་། ཆོས་ལུགས་དང་འབྲེལ་བའི་ལས་དོན་ནི། མི་སོ་སོའི་སྒེར་གྱི་རང་དབང་ཡིན་སྟབས། བོད་མི་ཚོས་ཀྱང་ལོ་ངོ་ ༦༡ དུས་སྐབས་དེའི་རིང་ཆོས་དད་རང་དབང་ལོངས་སུ་སྤྱོད་ཐུབ་ཚུལ་བཤད། རྫུན་གཏམ་དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་བྲིད་བྱེད་ཐབས་ཁོ་ན་ཡིན། བོད་མིར་མཚོན་ན་ལོ་ངོ་ ༦༡ དུས་སྐབས་དེའི་རིང་རྒྱ་ནག་དམར་པོའི་དབང་སྒྱུར་འོག་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་འདྲ་མིན་མྱངས་དང་མྱོང་མུས་ཡིན། རྒྱ་ནག་ནང་དུ་མང་གཙོའི་རིང་ལུགས་ཀྱི་དྲི་ཙམ་ཡང་མེད་བཞིན་དུ་ཆེ་དགྲ་ལྷ་ཁོ་པས་བོད་དུ་མང་གཙོའི་བཅོས་སྒྱུར་བཏང་ཟེར་བ་དེ་ནི་སྨྱོ་ཧམ་བཤད་པ་མིན་ན་གང་རེད།
རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཐོན་སྐྱེད་ཡར་རྒྱས་སྙན་ཐོ་དང་། བོད་ནང་དཔལ་འབྱོར་འཛུག་སྐྲུན་ཟེར་བ་དེ་དག་རྒྱུན་ལྡན་དམར་པོའི་སྲིད་གཞུང་གིས་བསྐྱར་ལྡབ་ཡང་ལྡབ་བྱེད་པའི་འཁྱོག་བཤད་ཀྱི་ལས་འགུལ་འབ་ཞིག་ཡིན། བོད་ལ་མཚོན་ན་རྒྱ་ནག་དམར་པོའི་དབང་སྒྱུར་མ་བྱས་གོང་ནས་བོད་མི་ཚོར་བཟའ་རྒྱུ་འཐུང་རྒྱུ་སོགས་འཚོ་བའི་དཀའ་ངལ་རྩ་བ་ནས་མེད་པར་ཆོས་ཕྱོགས་སོགས་ཀྱི་བྱ་བར་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་བཞིན་ཡོད། བོད་ནང་མུ་གེ་བྱུང་ནས་བོད་མི་ལྟོགས་ཤི་ཐེབས་པའི་ལོ་རྒྱུས་རྩ་བ་ནས་གོ་མྱོང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དབང་སྒྱུར་བྱས་རྐྱེན་བོད་མི་མང་པོ་ལྟོགས་ཤི་ཐེབས་པ་བྱུང་ཡོད།
རྒྱ་ནག་གཞུང་གིས་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཐོན་སྐྱེད་ཡར་རྒྱས་སྙན་ཐོ་ལྟར་ན་རྒྱ་སྒོར་ཐེར་འབུམ་ ༡༦༠ ས་གནས་ཀྱིམ་ཐོན་སྐྱེད་བྱུང་ཚུལ་བཤད་ཡོད། གཏམ་དེ་བདེན་པ་ཡིན་ན་ངོ་མཚར་ལྡན་པ་ཞིག་རེད། འོན་ཀྱང་དངུལ་འབོར་དེ་དག་འགྲོ་གྲོན་གང་དུ་བཏང་བ་རེད་དམ། ཞིབ་ཚགས་པོ་བྱས་ནས་བལྟས་པ་ཡིན་ན་རྒྱ་ནག་གཞུང་གིས་དངུལ་འབབ་དེ་དག ༡ ༽ བོད་ནང་དམག་དོན་རྒྱ་སྐྱེད། ༢ ༽ རྒྱ་མིའི་དམག་མི་དང་། ཉེན་རྟོག་མི་སྣ། གཞུང་གི་ལས་བྱེད་འཕོན་ཆེ་བོད་ནང་གསོག་འཇོག་བྱེད་ཆེད་དང་། ༣ ༽ བོད་ཀྱི་གཏེར་ཁ་སྔོགས་འདོན་བྱས་རྗེས་རྒྱ་ནག་ནང་དུ་འོར་འདྲེན་བྱེད་ཆེད་གཞུང་ལམ་དང་། མེ་འཁོར་ལྕགས་ལམ། གནམ་ཐང་ལས་གཞི་རྒྱ་སྐྱེད་བཏང་བ། ༤ ༽ བོད་ཀྱི་གཙང་ཆུ་ཁག་ལ་ཆུ་མཛོད་ཚད་མེད་བརྒྱབ་ནས་གཙང་ཆུ་རྒྱ་ནག་ཕྱོགས་སུ་ཁ་སྒྱུར་བྱས་པ་དང་། ༥ ༽ བོད་ནང་རྒྱ་རིགས་ཕོན་ཆེ་འོར་འདྲེན་བྱས་པ་སོགས་ཀྱི་ཆེད་དུ་འགྲོ་གྲོན་དེ་དག་བཏང་ཡོད།
ཕྱོགས་མཚུངས་བོད་ནང་ཆོས་དད་རང་དབང་ཡོད་ཚུལ་བཤད་པ་དེར་དཔྱད་ནའང་། རྒྱ་ནག་དམར་པོས་དབང་སྒྱུར་བྱས་རྐྱེན་བོད་ནང་དགོན་པ་སྟོང་ཕྲག་དྲུག་ལྷག་གཏོར་བཤིག་བཏང་བ་མ་ཟད། དེང་སྐབས་སུའང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་ནང་གཏོར་བཤིག་དང་དམ་བསྒྲགས་ཧ་ཅང་བྱས་དང་བྱེད་མུས་རེད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ལམ་ལུགས་ཐག་གཅོད་ཞུ་རྒྱུར་ཁྲིམས་མཐུན་གྱི་བདག་དབང་ཐོབ་ཐབས་བྱེད་བཞིན་ཡོད།
ད་ལྟ་གནས་ཚུལ་གོ་ཐོས་བྱུང་བ་ལྟར་ན། སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ བའི་ཟླ་མཇུག་དགའ་ལྡན་ལྔ་མཆོད་ཤར་ལ་ཉེ་བའི་སྔོན། ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོ་ཅོན་བ་གྲོང་ཚོའི་བོར་ཆུང་ཚང་གི་ཕ་རྒན་ལོ་ན་ ༧༥ ཡིན་པ། འཇམ་དཔལ་རྡོ་རྗེ་འམ་ཡུལ་མི་ཚོས་བོར་ཆུང་འཇམ་དཔལ་ཞེས་འབོད་པ་ཁོང་གིས། ཁ་པར་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུས་བའི་དོགས་གཞི་དང་། རྒྱ་གར་དུ་ཡོད་པའི་རང་ཉིད་ཀྱི་བུ་མོ་དང་འབྲེལ་བ་བྱས་བའི་རྒྱུ་མཚན་གྱིས་ཁོང་དང་ཁོང་གི་བུ་ཚེ་དབང་འགྱུར་མེད་གཉིས་མཛོ་སྒང་རྫོང་གི་རྒྱ་ནག་གི་ཉེན་རྟོག་པས་ཁྱིམ་ནས་བཙན་ཁྲིད་ཀྱིས་མཛོ་སྒང་རྫོང་དུ་དོ་དམ་བཀག་ཉར་འོག་འདྲི་རྩད་བྱས་ཡོད་པ་ཤེས་རྟོག་བྱུང་། བོད་ནང་གི་བོད་མི་ཚོས་རང་གི་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུ་པར་ཙམ་ཡང་དད་མོས་ཀྱིས་སྒྲིག་གཤོམ་བྱ་རྒྱུའི་ཐོབ་ཐང་མེད། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གིས་ཕྱག་བཏབ་པའི་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་གི་དགོན་པའི་དགེ་བསྐོས་ཡིན་པ་བཀྲ་ཤིས་ཕུན་ཚོགས་ལགས་རྒྱ་ནག་གིས་མནར་གཅོད་ཚད་མེད་བཏང་རྐྱེན་ནད་གཅོང་དུ་གྱུར་ནས་སྐུ་གྲོངས་འདུག དེས་ན་རྒྱ་ནག་གཞུང་གིས་བཤད་པའི་ཆོས་དད་རང་དབང་ཟེར་བ་དེ་གང་ན་འདུག
རྒྱ་ནག་གཞུང་གིས་( བོད་མི་བྲན་གཡོག་ཚོར་བཅིངས་བཀྲོལ་བཏང་) ཟེར་བ་དེ་མཐའ་གཅིག་ཏུ་དྲང་བདེན་ཞིག་མིན། བོད་མིར་མཚོན་ན་རྒྱ་ནག་གི་དབང་སྒྱུར་འོག་ནས་བཅིངས་བཀྲོལ་ཐོབ་མྱོང་མེད། ཉེས་མེད་མི་མང་ཐོག་དྲག་པོའི་མཚོན་ཆ་དང་དམག་ཤུགས་བཀོལ་སྤྱོད་བྱས་ནས་བཅིངས་བཀྲོལ་བཏང་ཡིན་ཟེར་བ་ཞིག་ཇི་ལྟར་ཡོང་ཐུབ་རྒྱུ་རེད་དམ། བཙན་དབང་འོག་བཞག་པའི་གྲོས་མཐུན་དེར་གཞི་བཅོལ་ནས་མི་མང་བཅིངས་བཀྲོལ་བཏང་ཡིན་ཟེར་ན་སུའི་རྣ་བར་འགྲོ་རྒྱུ་རེད་དམ། དོན་དངོས་ནི་བོད་དེ་བཞིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་ཐོག་ནས་བཙན་པོ་ཧམ་བཟུང་བྱས་ནས་ད་བར་ལོ་ངོ་ ༦༠ ལྷག་རིང་བོད་ནང་ཁྲིམས་འགལ་གྱི་དབང་སྒྱུར་བྱེད་མུས་རེད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེའི་ཁས་ལེན་འབྲུ་དོན་དེ་དག་རེ་རེ་བཞིན་བརྡལ་བཤིག་བཏང་ཡོད། དེར་བརྟེན་ད་ཆ་བོད་ནང་རང་དབང་ཡོད་ཚུལ་དང་། མང་གཙོའི་བཅོས་སྒྱུར་གཏོང་ཚུལ། དཔལ་འབྱོར་ཡར་རྒྱས་བཏང་ཡིན་ཟེར་བ་དེ་དག་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་པ་ཁོ་ན་ལས་གཟུར་གནས་བློ་ལྡན་སུ་ཞིག་གི་ཀྱང་བློ་ཡུལ་དུ་བཤོངས་དཀའ་བའི་རྫུན་གྱི་ཕུང་པོ་ཁོ་ན་རེད། །
གོང་རྩོམ་དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་སྒེར་གྱི་བསམ་ཚུལ་ཡིན་པ་ལས་འདི་ག་ལས་ཁུངས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད། ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་བོད་སྒྱུར་ཞུས། ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།