༢༠༡༡ ཟླ་ ༦ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༥ ཉིན་༸གོང་ས་མཆོག་ཀེན་བྷེ་རའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཁུན་སི་ལེན་ཌི་མངའ་སྡེའི་རྒྱལ་ས་བྷི་རི་སི་བྷེན་ (Brisbane) དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་མཛད་འཆར་གྱི་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ཆེད་དོན་དྲི་བའི་ལས་རིམ་ཐོག་ལྷན་ཞུགས་མཛད་ཡོད། དེ་རྗེས་བཞུགས་གནས་མགྲོན་ཁང་དུ་ས་གནས་བོད་རིགས་དང། སོག་པོ། འབྲུག་པ་བཅས་ཀྱི་ཚོགས་མི་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་རྒྱ་ནག་གཞུང་གིས་ང་ཚོའི་རྒྱལ་ཁབ་དབང་སྒྱུར་བྱས་པ་ལས་ང་ཚོའི་བསམ་བློའི་ཐོག་དབང་སྒྱུར་བྱེད་ཐུབ་མེད་པར་བརྟེན།
ང་ཚོ་སྐྱབས་བཅོལ་དུ་ཡོད་མཁན་བོད་མི་རྣམས་ནས་འཛམ་གླིང་གི་སྡིངས་ཆའི་ཐོག་བོད་དོན་སྐོར་ཤོད་རྒྱུ་དེ་ང་ཚོའི་ལས་འགན་ཡིན་ཞེས་བོད་མི་ཚོར་གཙོ་བོར་དམིགས་ཏེ་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་བོད་རིགས་དང། སོག་པོ། འབྲུག་པ་བཅས་ལ་བཀའ་སློབ་སྩལ་དོན། ང་ཚོ་ནང་པ་སངས་རྒྱས་པ་ཡིན་ཞེས་བརྗོད་རྒྱུ་ཙམ་མིན་པར་ནང་པའི་ཆོས་ལ་སློབ་སྦྱོང་བྱས་ཏེ་དུས་རབས་ ༢༡ པའི་ནང་པ་ཞིག་ཆགས་རྒྱུར་ནང་ཆོས་ལ་འབད་བརྩོན་གྱིས་སློབ་སྦྱོང་བྱེད་དགོས། ནང་ཆོས་ནས་གསུངས་པའི་བྱམས་པ་དང་བརྩེ་བ། སྙིང་རྗེ་སོགས་རང་གི་མི་ཚེའི་ནང་ལག་ལེན་བསྟར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
དེ་ཉིན་གྱི་ཕྱེད་ཡོལ་ཀ་རུ་ན་ཧོའུ་སི་ (Karuna House) ཞེས་པའི་ཁུན་སི་ལན་ཌིའི་ས་གནས་ཉམས་ཐག་རོགས་སྐྱོབས་ཐེབས་རྩ་ཁང་གིས་གོ་སྒྲིག་ཐོག་ཁུན་སི་ལན་ཌའི་གཞོན་སྐྱེ་གཙོ་བོར་གྱུར་བའི་ས་གནས་མང་ཚོགས་དང།དབང་པོ་སྐྱོན་ཅན་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་༸གོང་ས་མཆོག་གིས་དཀའ་སློབ་སྩལ། ཁུན་སི་ལན་ཌིར་དེ་སྔ་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་སྟེ་མི་ནོར་ཕྱུགས་གསུམ་ལ་གནོད་འཚེ་ཚབས་ཆེ་བྱུང་ཡོད།
སྐབས་དེར་༸གོང་ས་མཆོག་གིས་ཁུན་སི་ལེན་ཌིའི་མི་མང་རྣམས་ཀྱིས་དེ་སྔ་ཆུ་ལོག་གི་གོད་ཆག་འོག་དཀའ་ངལ་འཕྲད་སྐབས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱས་པ་དེས་དངོས་ཡོད་སྤྱི་ཚོགས་ནང་མཐུན་སྒྲིལ་གྱི་སྙིང་སྟོབས་དེ་བསྟན་ཡོད།
ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་ཆབས་ཅིག མགོན་པོ་གང་ཉིད་མཆོག་གིས་གཞོན་སྐྱེས་ཚོར་བཀའ་སློབ་སྩལ་དོན། འདས་པའི་དུས་རབས་དེ་དག་ནང་མི་གསོད་ཁྲག་སྦྱོར་མང་པོ་བྱུང་ཡོད་ཀྱང་དུས་རབས་ ༢༡ པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུར་གཞོན་སྐྱེས་ཁྱེད་རང་ཚོར་འགན་ཆེན་པོ་ཡོད།
ཞི་བདེ་ཟེར་བ་དེ་འཚེ་བ་དང་བྲལ་བ་ཙམ་ལ་བརྗོད་ཀྱི་མེད།
མི་གཞན་ལ་བྱམས་བརྩེ་དང་སྙིང་རྗེའི་བསམ་བློའི་ཐོག་ནས་ལྟ་ཐུབ་པ་ཡིན་ན་འཚེ་བ་མེད་པ་ཞེས་བརྗོད་ཆོག་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།
་