༢༠༡༡ ཟླ་ ༦ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༡ ཉིན་རྡ་ས་གངས་སྐྱིད་གསོལ་ཐབས་ཡང་སྟེང་ཚོགས་ཁང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཤེས་ཡོན་གྱི་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་མཐོ་རིམ་སློབ་གཉེར་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་དང་། བོད་མི་མང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་དབུས་ལས་བྱེད་དང་ས་གནས་ཁག་ནས་ཕེབས་པའི་མཐོ་རིམ་སློབ་གཉེར་བ་བཅས་ལྷན་འཛོམས་ཐོག་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། མཐོོ་སློབ་ཁག་ནས་ཕེབས་པའི་མཐོ་རིམ་སློབ་གཉེར་བ་ཚང་མར་བཀའ་ཤག་དང་ང་རང་སྒེར་ངོས་ནས་དགའ་བསུ་དང་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། ངས་ཤོད་རྒྱུའི་བརྗོད་གཞི་དེ་སྤྱི་ཚོག་འཕེལ་རྒྱས་དང་ཤེས་ཡོན་ལམ་སྟོན་ཟེར་བའི་ཚིག་གཉིས་ཀ་གུ་ཡངས་པོ་ཞིག་རེད། འགྲོ་བ་མི་རིགས་སྤྱི་ཡོངས་དང་ཤར་གླིང་གི་སྤྱི་ཚོགས། ཡང་ན་ང་ཚོ་བོད་རིགས་ཀྱི་སྤྱི་ཚོགས་དང་།
ཡང་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕེལ་རྒྱས་དེ་ཤོད་ཀྱི་ཡོད་དམ། གསལ་པོ་མི་འདུག་སྤྱི་ཚོགས་ཚན་རིག་དེ་ནུབ་ཕྱོགས་པའི་སློབ་གཉེར་དང་ཕྱོགས་གཞན་པ་ཞིག་དེང་རབས་པའི་སློབ་གཉེར་རེད། སྔ་མོའི་སློབ་ཚན་དང་ཤར་ཕྱོགས་པའི་སློབ་ཚན་ནང་སྤྱི་ཚོགས་ཚན་རིག་ཅེས་པ་མེད། སྤྱིར་ཤར་གླིང་དང་ལྷག་པར་རྒྱ་གར་ལྟ་བུར་མཚོན་ན། རྒྱ་གར་ནང་སྤྱི་ཚོགས་སློབ་ཁྲིད་ཁག་ནུབ་ཕྱོགས་པའི་སྤྱི་ཚོགས་ཚན་རིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་གཏོགས་རྒྱ་གར་དབུས་སུ་བཞག་པའི་སྤྱི་ཚོགས་ཚན་རིག་ཡར་རྒྱས་ད་ལྟ་ཕྱིན་མེད། འདས་པའི་ལོ་བརྒྱ་ཙམ་ནང་ནུབ་ཕྱོགས་པའི་སྤྱི་ཚོགས་ཚན་རིག་བསླབ་ན་འགྲིག་གི་མི་འདུག ང་ཚོར་འབྲེལ་བ་དང་ཕན་ཐོགས་གང་ཡང་མི་འདུག ང་ཚོ་རང་གི་སྤྱི་ཚོགས་ཚན་རིག་དགོས་ཀྱི་རེད་ཅེས་བརྗོད་མཁན་མང་པོ་བྱུང་ཡོད། འོན་ཀྱང་དེའི་ཐོག་དམིགས་བཀར་གྱི་ད་ལྟ་བར་ཕྱག་ལས་གནང་མཁན་བྱུང་མེད་ཅེས་སོགས་དང་།
དེ་བཞིན་བཀའ་ཁྲི་མཆོག་གིས་གསུང་དོན། ད་ལྟའི་ཆར་དེང་རབས་ཀྱི་རྦ་རླབས་འཕྱུར་བཞིན་པའི་ནང་སྲོལ་རྒྱུན་དང་དོན་དམ་གྱི་རིག་གནས་དེ་དག་གནས་ཐུབ་ཀྱི་ཡོད་མེད་ཚོད་དཔག་བྱེད་དཀའ་བའི་གནས་སྟངས་ཤིག་རེད། ཁྱེད་རྣམས་སྤྱི་ཚོགས་ཚན་རིག་སློབ་ཚན་སྦྱང་མྱོང་ཡོད་པར་བརྟེན་རྒྱུས་ཡོད། སྤྱི་ཚོགས་ཚན་རིག་གི་བསམ་ཚུལ་མང་ཆེ་བ་ཞིག་ནུབ་ཕྱོགས་པའི་དེང་རབས་ཀྱི་མཁས་པ་ཚོས་གསར་གཏོད་བྱས་པ་ཤ་སྟག་ཡིན་པ་དང་། ང་ཚོ་བོད་པའི་སྐད་དུ་སྤྱི་ཚོགས་ཟེར་བའི་ཚིག་དེ་ལོ་ ༧༠ ནས་བེད་སྤྱོད་བྱས་པ་མ་གཏོགས་བོད་པའི་གཞུང་རྙིང་པའི་ནང་སྤྱི་ཚོགས་ཟེར་བའི་ཚིག་དེ་བེད་སྤྱོད་གནང་མེད། དེའི་ཚབ་ཏུ་འདུས་པ་དང་། འདུས་ཚོགས། འདུས་སྡེ་བེད་སྤྱོད་གནང་ཡོད། སྤྱི་ཚོགས་ཞེས་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ནས་མཉམ་རུབ་གནས་པའི་སྲོག་ཆགས་ཀྱི་ཚོགས་པ་ཞིག་ལ་སྤྱི་ཚོགས་ཞེས་བརྗོད་ཀྱི་ཡོད་སོགས་དང་།
ཡང་བཀའ་ཁྲི་མཆོག་གིས་གསུང་དོན། སྤྱི་ཚོགས་ཀྱི་འཕེལ་རྒྱས་དེར་ལྟ་སྟངས་མི་འདྲ་བ་གཉིས་ཡོད། ང་ཚོ་ཤར་ཕྱོགས་པ་དང་ནང་པས་སྤྱི་ཚོགས་དེ་ཡར་རྒྱས་འགྲོ་བ་ཞིག་ལ་རྩིས་ཀྱི་མེད། སྤྱི་ཚོགས་ཉམས་ཆག་འགྲོ་བ་ཞིག་ལ་རྩིས་ཀྱི་ཡོད། ནུབ་ཕྱོགས་པས་སྤྱི་ཚོགས་འདི་ཡར་རྒྱས་འགྲོ་བ་ཞིག་ལ་རྩིས་ཀྱི་ཡོད་ཀྱང་ཧ་གོ་རྒྱུ་མེད། ནུབ་ཕྱོགས་པས་བསམ་བློ་གཏོང་རྒྱུའི་སྤྱི་ཚོགས་ཡར་རྒྱས་རབ་ཀྱི་མཐར་ཐུག་དེ་གང་འདྲ་ཞིག་ཡོད་དམ་ཞེ་ན། ད་ལྟ་ང་ཚོས་དཔེ་ལྟ་ས་དེ་ཧི་རོ་ཤི་མ་དང་ནཱ་ཀ་ས་ཀི་གཉིས་པོ་དེ་ཁོང་ཚོའི་སྤྱི་ཚོགས་ཡར་རྒྱས་ཤོད་རྒྱུའི་མཐར་གཏུགས་ས་དེ་འདྲ་ཞིག་ཆགས་སྲིད་པ་རེད། ཉེ་ཆར་ཉི་ཧོང་ལ་མཚོ་རླབས་སྐབས་རྡུལ་ཕྲན་གྱི་གློག་ཁང་མང་པོ་ཞིག་ཆུད་ཟོས་ཕྱིན་ཏེ་ད་ལྟ་ཡང་ལེ་དབར་ཉི་ཤུ་ནང་མིའི་སྤྱི་ཚོགས་འཚོ་མི་རུང་བ་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སློབ་ཕྲུག་གཅིག་གིས་ཧུའུ་ཅིང་ཐའོ་ཡི་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་འབོད་སྒྲ་དེའི་རྒྱབ་ལྗོངས་ཇི་ཡིན་དྲི་བར་བཀའ་ཁྲི་མཆོག་གིས་འཆམ་མཐུན་ཡོང་བར་དྲང་བདེན་དགོས་ཀྱི་ཡོད། དྲང་བདེན་དགོས་པར་འདྲ་མཉམ་དགོས་ཀྱི་ཡོད། དྲང་བདེན་དང་འདྲ་མཉམ་གང་ཡང་མེད་པའི་གནས་བབ་ཅིག་ནས་འཆམ་མཐུན་ཡོང་རྒྱུ་མེད་ཅེས་ལན་འདེབས་གནང་།
ཡང་སློབ་མ་ཞིག་གིས་ཉེ་ཆར་བོད་གཞུང་མིང་བསྒྱུར་གནང་བ་དེར་མི་མང་པོ་ཞིག་ནས་བོད་གཞུང་མེད་པའི་དོགས་པ་ཡོང་གི་འདུག་པས་དེའི་ཐོག་དོགས་སེལ་གནང་རོགས་ཞུས་པར། བཀའ་ཁྲི་མཆོག་གིས་གསུང་དོན། ༸གོང་ས་མཆོག་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༧ མཚན་མོ་ནོར་བུ་གླིང་ཀ་ནས་ཆིབས་ཐོན་མཛད་དགོས་བྱུང་བ་རེད། རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་དགོས་པའི་ཚོད་དཔག་བཀའ་ཤག་དང་གཞུང་གི་སྲི་ཞུ་བ་ཚོས་གནང་མེད། ༸གོང་ས་མཆོག་གིས་ལྷོ་ཁ་བར་དུ་ཕེབས་ཏེ་བསྐྱར་དུ་རྒྱ་མི་མཉམ་དུ་བཀའ་མོལ་མཛད་རྒྱུའི་དགོངས་བཞེས་དང་། ལྷ་ས་ནས་ཉེ་ཡོལ་ཆེད་ལྷོ་ཁར་ཕེབས་པ་རེད། དེ་དུས་ལྷོ་ཁ་ཆ་ཚང་ཆུ་བཞི་སྒང་དྲུག་གི་དང་བླངས་དམག་གིས་བཟུང་སྟེ། རྒྱ་དམག་ཉུང་ཉུང་ཞིག་ལས་མེད་པ་དང་དེ་ཡང་མཐའ་སྐོར་ནས་བཀག་ཡོད། ལྷོ་ཁ་ས་ཆ་ཕྲན་བུ་བཙན་པ་ལྟ་བུར་རྩིས་ཏེ་ནོར་བུ་གླིང་ཀ་ནས་ལྷོ་ཁར་ཆིབས་སྒྱུར་གྱིས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་གཞུང་གནས་སྤོས་གནང་བའི་གསལ་བསྒྲགས་བསྐྱངས་པ་རེད། རྒྱལ་ས་ལྷ་སར་ཡོད་པའི་བོད་གཞུང་དེ་ལྷོ་ཁ་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་སྤོས་པ་དང་། བྱེས་ཀྱི་གཞུང་བཙུགས་པ་ཡིན་ཟེར་བའི་གསལ་བསྒྲགས་ཞིག་བསྐྱངས་ཡོད། འོན་ཀྱང་དེར་ཉིན་ཤས་ཤིག་མ་གཏོགས་བཞུགས་རྒྱུ་བྱུང་མེད། དེ་ནས་མཐའ་མ་རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་པ་རེད། རྒྱ་གར་དུ་༸ཞབས་སོར་འཁོད་རྗེས་རྒྱ་གར་གཞུང་དང་བོད་གཞུང་བར་ནང་དོན་གོ་རྟོགས་ག་རེ་ཡོད་དམ། ༸གོང་ས་མཆོག་གི་མཛད་འཕྲིན་གང་བསྐྱང་རྒྱུ་དང་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ཡོངས་སུ་རྫོགས་པ་སྒྲིག་འཛུགས་ཀྱི་ག་རེ་བྱེད་རྒྱུ་ཡོད་པ་ཆ་ཚང་ང་ཚོས་བྱས་ན་འགྲིགས་ཀྱི་ཡོད། འོན་ཀྱང་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་དེ་བེད་སྤྱོད་མི་བྱེད་བའི་ནང་དོན་དེ་རེད།
ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༡ ཉིན་ཇོ་ཧཱ་ལ་ནེ་རུས་༸གོང་ས་མཆོག་མཇལ་ཁར་བཅར་ཏེ་ཐུགས་ལྷོད་ཐོག་ཆུ་ཚོད་གསུམ་བཞི་བཀའ་མོལ་གནང་སྟེ་བཞུགས་པ་རེད། དེ་དུས་༸གོང་ས་མཆོག་གི་བྱུང་རིམ་དེ་དག་བཀའ་གནང་སྟེ་ང་ཚོ་ལྷ་ས་ནས་གཡུལ་རྒྱལ་ལྷུན་རྩེ་རྫོང་ལ་གཞུང་དེ་སྤོས་པ་ཡིན། འོན་ཀྱང་དེར་མ་གནས་པར་རྒྱ་གར་དུ་ཡོང་དགོས་བྱུང་ཞེས་བཀའ་སློབ་སྩོལ་སྐབས་ནེ་རུ་ལམ་སེང་འདྲོགས་ནས་རྐུབ་སྟེགས་ལ་ལག་པ་བརྡབས་ཏེ་འདིར་བཙན་བྱོལ་གཞུང་ང་ཚོས་ངོས་ལེན་བྱེད་ཀྱི་མེད། ལྷུན་རྩེ་རྫོང་ནས་སྤོས་ཀྱང་འདིར་ང་ཚོས་ངོས་ལེན་བྱེད་ཀྱི་མ་རེད། ཅེས་ནེ་རུས་གསུངས་ཡོད། དེར་༸གོང་ས་མཆོག་གིས་འདིར་བཙན་བྱོལ་གཞུང་ཡོད་བརྗོད་ཀྱི་མེད། ང་ཚོའི་ཡོང་ལུགས་ཡོང་སྟངས་ཏེ་ལྷ་ས་ནས་ལྷུན་རྩེ་རྫོང་བརྒྱུད་འདིར་སླེབས་པ་རེད། དེའི་བྱུང་བ་དེ་ཤོད་ཀྱི་ཡོད་མ་གཏོགས་བཙན་བྱོལ་གཞུང་འདིར་སླེབས་ཡོད་ཟེར་གྱི་མེད། ཅེས་བཀའ་ལན་སྩལ་ཡོད། དེའི་གཡས་གཡོན་དུ་༸གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་ཐོག་མ་དེ་བསྐྱངས་ཡོད། དེའི་སྐབས་༸གོང་ས་མཆོག་གིས། ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མི་ས་ཡ་དྲུག་གི་བོད་ཀྱི་ཁྲིམས་མཐུན་གཞུང་ཡོད་པར་ཁོང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། བོད་མི་ས་ཡ་དྲུག་གི་ཁོང་རང་ཚོའི་ཁྲིམས་མཐུན་གཞུང་༸རྒྱལ་བ་རིན་པོ་ཆེ་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་ཤག་གང་དུ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་ངོས་ནས་རྒྱ་གར་དང་ཕྱིའི་རྒྱལ་ཁབ་སུ་ལའང་དེ་ངོས་འཛིན་བྱེད་དགོས་ཡོད་ཅེས་བརྗོད་ཀྱི་མེད། གཞུང་ཟེར་བ་དེ་ཁྲིམས་མཐུན་དང་ཚད་ལྡན་ཡིན་མིན་དེ་ག་པར་ལྟ་དགོས་རེད་དམ་ཞེ་ན། རྒྱལ་ཁབ་དེ་རང་གི་མི་མང་གིས་ག་རེ་ཁས་ལེན་བྱེད་ཀྱི་ཡོད་པ་དེར་གཙོ་བོར་རག་ལུས་པ་ཞིག་རེད། བོད་མི་ས་ཡ་དྲུག་གི་༸རྒྱལ་བ་རིན་པོ་ཆེ་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་ཤག་ལ་ཁོང་རང་ཚོས་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་རྒྱལ་ཁབ་མང་པོས་ང་ཚོ་བཙན་བྱོལ་གཞུང་ངོས་ལེན་བྱེད་ཀྱི་ཡོད་ཀྱང་ཕན་ཐོགས་གང་ཡང་མེད། ཁྲིམས་མཐུན་ཆགས་ཀྱི་མེད།
ང་རང་ཚོའི་མིས་བཙན་བྱོལ་གཞུང་ཁས་ལེན་བྱེད་ཀྱི་ཡོད་ན། ཕྱིའི་མི་སུ་གང་གི་ཁས་ལེན་བྱེད་ཀྱི་མེད་ཀྱང། ང་ཚོའི་ཁྲིམས་མཐུན་གནས་བབ་དེ་བརླག་གི་མ་རེད། རྒྱ་གར་གཞུང་དང་བོད་གཞུང་བར་ལ་མོས་མཐུན་ག་རེ་བྱུང་ཡོད་དམ་ཞེས་བརྗོད་ན་ C T A ཞེས་ཐ་སྙད་དེ་ཆགས་ཏེ། ཕྱི་ལོ་ ༡༩༥༩ ནས་ད་ལྟ་བར་ཐ་སྙད་དེ་འགྱུར་བ་མེད་པ་བེད་སྤྱོད་བཏང་དང་གཏོང་བཞིན་པ་རེད། ཐ་སྙད་དེར་རྒྱལ་སྤྱི་ཕྱི་དང་རྒྱ་གར་ནང་ལ་རྩོད་པ་མེད། རྩོད་མེད་ཡོངས་བསྒྲགས་ཀྱི་ཐ་སྙད་ཅིག་རེད། འདས་པའི་ལོ་ ༥༢ རིང་ལ་རྒྱ་གར་དབུས་གཞུང་དང། མངའ་སྡེའི་གཞུང། གཞུང་འབྲེལ་མིན་པའི་ཚོགས་པ། ཞི་བའི་སྤྱི་ཚོགས་ཚང་མའི་ནང་བཙན་བྱོལ་བོད་གཞུང་གི་མིང་དེ་དབྱིན་ཇིའི་སྐད་ཀྱི་ཐ་སྙད་ནང་ (C T A) དེ་ཡོངས་བསྒྲགས་ཆགས་ཡོད། འོན་ཀྱང་བོད་སྐད་ལ་མང་ཆེ་བས་བཙན་བྱོལ་གཞུང་ཞེས་འབྲི་ཡི་ཡོད། འགའ་ཤས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བྲིས་ཡོད། གང་ལྟར་བྲིས་སྟངས་ཁ་ཤས་བྱུང་ཡོད། ལྷག་པར་ཕྱི་ལོ་ ༡༩༩༡ ལོར་གཏན་ལ་ཕབ་པའི་བཅའ་ཁྲིམས་ནང་བཙན་བྱོལ་བོད་གཞུང་བྲིས་ཡོད། དབྱིན་སྐད་དུ་བསྒྱུར་སྐབས་ (C T A) ཆགས་ཀྱི་ཡོད་པ་མ་གཏོགས་ (Tibet government in Exile) ཟེར་བ་དེ་ཆགས་ཀྱི་མེད་ལ་བེད་སྤྱོད་ཀྱང་གཏོང་གི་མེད། ཕྱི་ལོ་ ༡༩༦༨། ༡༩༦༩ ནང་༸གོང་ས་མཆོག་གིས་དགོངས་བཞེས་མཛད་དེ་མ་འོངས་བར་ང་ཚོའི་སྒྲིག་འཛུགས་འདི་བརྟན་པོ་གནས་དགོས་རྒྱུ་ཞིག་ཡིན་པར་བརྟེན། བཙན་བྱོལ་གཞུང་གི་ཚབ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱ་གར་ནང་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་གི་ངོ་བོར་འགྱུར་ན་ཡག་པོ་མེད་དམ་ཞེས་དེ་དུས་བཀའ་མོལ་བྱུང་སྐོར་སོགས་དང་།
ཡང་བཀའ་ཁྲི་མཆོག་གིས་གསུང་དོན། བར་ལམ་ཕྱི་ལོ་ ༢༠༠༨ ལོ་ནས་དེ་ཉེན་ཁ་ཞིག་མཐོང་སྟེ་རྒྱ་གར་ནང་ལ་གློ་བུར་ཉེན་ཁ་མེད་ནའང་ཕྱི་རྒྱལ་ཁག་ནང་ཉེན་ཁ་ཞིག་མཐོང་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་ཚོར་༸རྒྱལ་བ་རིན་པོ་ཆེ་དང་ཕྱི་རྒྱལ་དབུ་ཁྲིད་ཚོ་མཇལ་འཕྲད་མཛད་རྒྱུའི་བཀག་འགོག་བྱེད་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དེབ་དེ་ཁྱེར་ཡོང་ནས་ཁྱེད་རང་གིས་༸རྒྱལ་བ་རིན་པོ་ཆེ་ཆོས་ཀྱི་དབུ་ཁྲིད་ཡིན་བརྗོད་ཀྱི་ཡོད་ཀྱང། ཆོས་ཕྱོགས་དབུ་ཁྲིད་མ་རེད་དེབ་འདིའི་ནང་ལྟོས་དང་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟེར་བ་དེ་རེད། དེའི་ནང་རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་ཡིན་ཞེས་བྲིས་འདུག དེར་བརྟེན་དེ་འདྲའི་ཡིག་ཆ་ཡོད་མཁན་ཞིག་ཁྱེད་རང་ཚོས་ངོས་ལེན་བྱས་ན། ཁྱེད་ཚོའི་རྒྱ་ནག་གཅིག་གི་སྲིད་བྱུས་ཡིན་ཟེར་བ་དང་བོད་རྒྱ་ཁོངས་ཡིན་ཟེར་བའི་ཁས་ལེན་བྱས་པ་གཉིས་ཀ་དང་འགལ་གྱི་ཡོད། ཅེས་བརྗོད་ནས་གནོན་ཤུགས་སྤྲོད་སྐབས་ཁོང་ཚོས་ལན་རྒྱག་ཁག་པོ་ཞེ་དྲག་འདུག ཐ་སྙད་དབྱིན་ཇི་དང་མཐུན་པ་ང་ཚོ་སྲུང་སྐྱོབ་ཆེན་པོ་ཞིག་བྱེད་ཐུབ་ཀྱི་ཡོད་ན་ཐེ་ཚོམ་བྱེད་དགོས་རྒྱུ་མེད། དོན་དག་ཆེ་ཤོས་དེ་གང་རེད་དམ་ཞེ་ན་བཙན་བྱོལ་བོད་མི་ཡོངས་སུ་རྫོགས་པས་རྡ་རམ་ས་ལར་ཡོད་པའི་སྒྲིག་འཛུགས་དེ་ཁོང་ཚོའི་ཁྲིམས་མཐུན་གྱི་གཞུང་ཡིན་པ་དང་བཙན་བོད་གཞུང་ཡིན་པ་དེ་ངོས་ལེན་བྱེད་དགོས། དེ་ངོས་ལེན་མེད་པ་ཆགས་ན། ང་ཚོས་ཡིག་ཆའི་ནང་བཙན་བྱོལ་བོད་གཞུང་ཟེར་འབུམ་བྲིས་ནའང་ཕན་ཐོགས་གང་ཡང་མེད། གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་ལེན་བྱས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཡོད་ན་ཡི་གེའི་ནང་བཙན་བྱོལ་བོད་གཞུང་ཟེར་བ་དེ་མེད་ཀྱང་ང་ཚོ་དང་ཁྲིམས་ཀྱི་ནུས་པ་ཆུང་དུ་འགྲོ་རྒྱུའི་གནས་ཚུལ་རྩ་བ་ནས་མེད། ཅེས་སོགས་ཀྱི་ལན་འདེབས་གནང་ཡོད་པ་བཅས། །