ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡ ཉིན་ས་ཊོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་ལམ་ཞུས་མཚམས་བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་རྗེས་ས་ཊོན་ས་གནས་འགོ་འཛིན་གྱིས་ཕེབས་བསུའི་གསུང་བཤད་དང་ས་ཊོན་ཁམས་ཀཿཐོག་བཟོ་ཚོགས་ཚོགས་གཙོ་ནས་གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་གནང་། དེ་བཞིན་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་བའི་ནང་དོན། ས་ཊོན་ཁམས་ཀཿ་ཐོག་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་ནི་དགའ་སྤྲོའི་ཉིན་མོ་ཞིག་ཡིན་པ་དེ་ལྟར་ཡང་དེ་སྔའི་ལོ་ངོ་ ༥༠ རིང་ལ་གཞིས་ཆགས་འདིའི་ཆེད་དུ་མི་རབས་གོང་མ་རྣམས་ཀྱི་སྐུ་ངལ་སྐྱོན་པར་ཚང་མས་དྲན་རྟེན་དང་རྗེས་སུ་ཡི་རངས་ཞུ་དགོས་རྒྱུ་དང་། ལྷག་དོན་དུ་ད་ལྟའི་འཆར་བོད་ནང་ཛ་དྲག་གིས་གནས་སྟངས་དེ་མུ་མཐུད་གནས་ཡོད་པར་བརྟེན་ང་རང་ཚོས་བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་དེ་རྒྱུན་མ་ཆད་པར་བདག་ཉར་བརྩི་སྲུང་གནང་བའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་དང་བཀའ་སློབ་ཇི་ཕེབས་ལྟར་ཤར་བསྐྱོད་ཞུ་དགོས་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་།
དེ་ནས་དམིགས་བསལ་སྐུ་མགྲོན་རྒྱ་གར་དཔོན་རིགས་ Shri Raj Krishan Pruthi (IAS) Deputy Commissioner, Nahan མཆོག་གིས་གསུང་བཤད་གནང་། མཐའ་དོན་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་ཕྱག་རྟགས་འབུལ་ལམ་དང་གཞས་སྣ་ཁག་གཟིགས་འབུལ་དང་བཅས་མཛད་སྒོ་རྒྱལ་ཁའི་ངང་གྲོལ།