༢༠༡༡ ཟླ་ ༦ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། ། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ ཉིན་འཛིན་སྐྱོང་བཀའ་ཤག་ནས་བཀོད་ཁྱབ་གནང་བའི་ནང་འཁོད་དོན། ཇི་ལྟར་བློ་མངའ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ སྔ་དྲོ་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་སྩལ་ཐོན་གྱིས་ཁྲིམས་སུ་བཅས་ཟིན་པ་དེའི་རྗེས་འབྲས་སུ། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་ཀྱི་ལམ་ནས་བསྐོ་གཞག་བྱས་པའི་སྐུ་ཚབ་དོན་གཅོད་རྣམ་པའི་ལས་དུས་རང་བཞིན་གྱིས་རྫོགས་པ་དེ་ལྟར་ཡང། བཀའ་ཤག་གིས་བཀོད་ཁྱབ་གསར་པ་མ་བྱུང་བར་གཤམ་གསལ་རྣམས་ཀྱི་ལས་གནས་རང་འཇགས་སུ་བསྐོ་གཞག་བྱས་པ་ཡིན།
༡༽ | བཀའ་བློན་བསྟན་པ་ཚེ་རིང། | ལྡི་ལི་སྐུ་ཚབ་དོན་གཅོད། |
༢༽ | བཀའ་ཟུར་ཛ་ཡུལ་བློ་བཟང་སྙན་གྲགས། | ཨ་རི་སྐུ་ཚབ་དོན་གཅོད། |
༣༽ | སྐུ་ཞབས་དྭགས་པོ་བསོད་ནམས་ནོར་བུ། | ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད། |
༤༽ | སྐུ་ཞབས་ངག་དབང་རབ་རྒྱལ། | རུ་སོག་སྐུ་ཚབ་དོན་གཅོད། |
༥༽ | སྐུ་ཞབས་མཚོ་མགོ་ལྷག་པ། | ཤར་ཨེ་ཤི་ཡ་སྐུ་ཚབ་དོན་གཅོད། |
༦༽ | སྐུ་ཞབས་བསོད་ནམས་བསྟན་འཛིན། | ལྷོ་ཨབ་རི་ཁའི་སྐུ་ཚབ་དོན་གཅོད། |
༧༽ | སྐུ་ཞབས་ཟླ་བ་ཚེ་རིང། | ཐེ་ཝན་སྐུ་ཚབ་དོན་གཅོད། |
༨༽ | སྐུ་ཞབས་ཐུབ་བསྟན་བསམ་གྲུབ། | དབྱིན་ལེན་སྐུ་ཚབ་དོན་གཅོད། |
༩༽ | སྐུ་ཞབས་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ། | སུད་སི་སྐུ་ཚབ་དོན་གཅོད་བཅས། |
བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པའི་དགོངས་དོན་ལྟར་གོང་གསལ་སྐུ་ཚབ་དོན་གཅོད་རྣམས་ལ་ལས་རྒྱུན་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་གསོལ་སྩལ་བཀའ་དྲིན་ཆེ་སོང་བ་དེ་དོན་དགོངས་འཇགས་ཞུ། ཞེས་འཛིན་སྐྱོང་བཀའ་ཤག་གིས་བསྐོ་གཞག་གནང་འདུག ། །།