༢༠༡༡ ཟླ་ ༦ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་ཚོགས་ཁང་ (Melbourne Convention and Entertainment Centre) དུ་དད་ལྡན་ཆོས་ཞུ་ ༣༠༠༠ ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ནང་ཆོས་དང་འབྲེལ་བའི་སྔོན་འགྲོའི་བཀའ་སློབ་སྩལ་དོན། ངོས་ཀྱིས་སྤྱོད་འཇུག་གི་ཁྲིད་དེ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གི་དྲུང་ནས་ཞུས་པ་ཡིན། སྤྱོད་འཇུག་དེ་གཞན་ཕན་གྱི་བསམ་པ་དང་འབྲེལ་བའི་བསླབ་བྱ་མཆོག་ཏུ་གྱུར་བ་ཞིག་ཡིན། ངོས་ཀྱི་ཉམས་ལེན་ལའང་ཕན་ཐོགས་ཆེན་པོ་བྱུང་། ཆོས་ལུགས་ཚང་མའི་ལྟ་གྲུབ་མི་འདྲ་བ་ཡོད་ནའང་གཞི་རྩའི་བསླབ་བྱ་གཅིག་མཚུངས་ཡིན་པ་དང་། ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་བསྐྲུན་ཐུབ་རྒྱུའི་ནུས་པ་དེ་བཞིན་ཆོས་ལུགས་ཚང་མར་གཅིག་མཚུངས་སུ་ཡོད། མིའི་ཁམས་དང་བསམ་པ་མི་འདྲ་བ་ཡོད་པར་བརྟེན་ཆོས་ལུགས་མི་འདྲ་བ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། སྤྱོད་འཇུག་གི་ལེའུ་དགུ་པ་ཤེས་རབ་ལེའུ་ནས་དངོས་གཞིའི་ཆོས་འབྲེལ་དབུ་འཛུགས་མཛད་སྐབས་སྟོང་ཉིད་དང་བདེན་གཉིས་ཀྱི་རྣམ་གཞག་སྐོར་བཀའ་སྩལ།
ཉིན་རྒྱབ་༸གོང་ས་མཆོག་གིས་ཚོགས་ཁང་དེ་རང་དུ་བདེ་སྐྱིད་ཀྱི་འཚོ་བ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ། དེ་ཡང་ཐོག་མར་ཨའི་རི་ཤི་ (Irish) གཞས་པ་ལུ་ཀ་བུ་ལུམ་ (Luka Bloom) ལགས་ཀྱིས་༸གོང་ས་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་པའི་ལོ་རྒྱུས་དང་འབྲེལ་ནས་ཆེད་མངག་བརྩམས་པའི། ངོས་ནས་འཐོན་ཕྱག་གི་ལག་བརྡ་གཡུག་སྐབས། ཞེས་པའི་གཞས་དེ་གླུ་རུ་བླངས་ཏེ་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་ཕེབས་བསུ་ཞུས། དེ་རྗེས་༸གོང་ས་མཆོག་གིས་མང་ཚོགས་ལ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཆེད་ནང་སེམས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུ་གལ་ཆེ་ཡིན་སྐོར་དང་། མིའི་རྣམ་དཔྱོད་ཀྱི་ཤེས་རབ་དེས་ཡར་རྒྱས་དང་གཏོར་བཤིག་གཉིས་ཀ་བྱེད་ཐུབ་ཀྱི་ཡོད་པ་དེ་བྱུང་རབས་ལོ་རྒྱུས་ལས་གསལ་སྟོན་བྱས་ཚུལ། དེ་བཞིན་འདས་པའི་བརྒྱ་ཕྲག་དེའི་ནང་བྱུང་བའི་དམག་འཁྲུག་འོག་མི་གྲངས་ས་ཡ་མང་པོ་དམར་གསོད་བཏང་ཡོད་པ་དང་། དེར་བརྟེན་དུས་རབས་ ༢༡ འདི་འཚེ་བ་མེད་པའི་དུས་རབས་ཤིག་བསྐྲུན་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། དམག་གི་མཚོན་ཆ་ཕྱིར་བསྡུ་བྱ་རྒྱུའི་ཆེད་འབད་བརྩོན་བྱེད་དགོས་པའི་དུས་ལ་བབ་ཡོད་པ་དང་། ཕྱིའི་དམག་གི་གོ་མཚོན་ཕྱིར་བསྡུ་མ་བྱེད་སྔོན་ནང་གི་གོ་མཚོན་ཕྱིར་བསྡུ་བྱེད་དགོས་སྐོར་བཀའ་སྩལ།།
༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།
གསར་གནས།
འབྲེལ་གནས།