༢༠༢༠ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་འཛམ་གླིང་ས་ཕྱོགས་གང་ས་ནས་དབྱར་གྱི་ཆུ་བོ་བཞིན་རྒྱས་བཞིན་ཡོད་སྟབས། གཟིམ་ཆུང་མཇལ་ཁ་བསྩལ་དང་སྩལ་མུས་དེ་ལྟར་ནའང་། ཉེ་ལམ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནང་ཐོག་མ་དར་བའི་ཏོག་དབྱིབས་ཅན་གྱི་གློ་བའི་ནད་ཡམས་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་པར་བརྟེན། ཐུན་མོང་གདུལ་བྱའི་སྣང་ངོར་༸སྐུའི་འཕྲོད་བཞེས་ལ་གེགས་བར་གྱི་ཆ་ཕྲ་མོ་ཙམ་ཡང་ཟློག་ཐབས་སླད། རེ་ཞིག་༸རྒྱལ་བའི་ཕོ་བྲང་དུ་གཟིམ་ཆུང་མཇལ་ཁ་མཚམས་འཇོག་ཞུ་རྒྱུ་ཡིན་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐག་གཅོད་གནང་འདུག སྤྱིར་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་ནམ་ཡིན་ལ་བོད་མིས་གཙོས་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་དད་ལྡན་མང་ཚོགས་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྲོལ་ཡོད་པ་བཅས།།