ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཐའེ་ལན་ཌི་དང་ཝེ་ཏི་ནམ་གྱི་སེར་སྐྱ་མི་མང་བརྒྱ་ལྷག་ལ་དམིགས་བསལ་མཇལ་ཁ་སྩོལ་སྐབས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གམ་ Corona virus ཞེས་པའི་སྐོར་བཀའ་སློབ་སྩལ་དོན། དེ་རིང་ཁ་སང་རྒྱ་ནག་ནང་ནད་ཡམས་ཤིག་སླེབས་འདུག རྒྱ་ནག་ལ་ཆ་བཞག་ན་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལུང་པ་རེད། དེ་རིང་ང་རང་ཚོ་འདིར་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་མཉམ་དུ་ཡོད།
དེར་བརྟེན་ང་ཚོ་ཚང་མས་ཐུན་མོང་གི་ཐོག་ནས་ནད་ཡམས་འདི་རིམ་པས་ཞི་བར་སྨོན་ལམ་རྒྱག ནང་ཆོས་ལ་དད་པ་ཡོད་མཁན་དང་གཟུངས་སྔགས་བགྲང་རྒྱུའི་གོམས་གཤིས་ཡོད་མཁན་དེ་ཚོ་གྲས་ལ་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་བགྲང་དགོས་རེད་ཅེས་ངོས་ཀྱིས་བཤད་ཀྱི་ཡོད། དེས་ནད་ན་ཚ་མ་ཡོང་བར་ཏན་ཏན་ཁྱད་པར་བཟོ་ཡི་ཡོད་པ་རེད། དེ་རིང་འདིར་ཁྱེད་རང་ཚོའི་ནང་ལ་གཟུངས་སྔགས་བགྲང་རྒྱུར་དོ་སྣང་ཡོད་ན་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་མའི་གཟུངས་སྔགས་བགྲང་གི་ཡིན་ན་ཕན་གྱི་རེད། དེ་རིང་འདིར་དངོས་སུ་མི་ཉུང་ཤས་ཡོད། གང་ལྟར་ས་སྟེང་འདིའི་སྒང་ལ་ནད་ཡམས་འདིར་ཏོག་ཙམ་དངངས་སྐྲག་བྱེད་མཁན་མང་པོ་འདུག ངོས་ཀྱིས་ཚང་མར་སྨོན་ལམ་རྒྱག་གི་ཡོད། ད་ལྟ་བཤད་མ་ཐག་པ་ནང་བཞིན་གཟུངས་སྔགས་དེ་འདྲ་ལ་དོ་སྣང་ཡོད་ན་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཡག་པོ་ཡོང་གི་རེད། ཅེས་བཀའ་སློབ་བསྩལ།།