༢༠༢༠ ཟླ་ ༡ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་ར་བའི་ནང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་སླད་དགའ་ལྡན་ཁྲི་ཐོག་ཁང་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་གོ་སྒྲིག་གནང་བ་ལྟར། རི་བོ་དགེ་ལུགས་པའི་གདན་ས་ཁག་གི་དགེ་འདུན་རྣམ་པས་སྙན་རྩོམ་དང་དཔྱད་རྩོམ་འབྲི་རྩོམ་འགྲན་སྡུར་ནང་ཨང་རིམ་ཡང་རྩེར་སོན་པ་རྣམས་དང་ལྷན་སྐུ་པར་བསྒྲོན་རྗེས་འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཀའ་དྲིན་སྩོལ་སྐབས་བཀའ་སློབ་སྩལ་དོན།
དེ་རིང་འདིར་གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་དད་པས་འདུས་པའི་སྐྱ་སེར་ཕོ་མོ་སྟོང་ཕྲག་ཁ་ཤས་ཡོད། ང་ཚོ་ཚང་མ་འདིར་ཁེ་སང་བསག་རྒྱུའི་ཆེད་དུ་ཡོང་བ་མ་རེད། དད་པ་དང་འདུན་པའི་ཀུན་ནས་བླངས་ཏེ་གནས་འདིར་འདུས་པ་རེད། དེ་བཞིན་དྲ་རྒྱ་བརྒྱུད་ནས་གནས་ཚུལ་མཐོང་མཁན་མང་པོ་ཞིག་ཡོད། དེ་དག་ཚང་མས་དད་འདུན་རྩེ་གཅིག་ཏུ་ཉན་ནས་བསྡད་ཡོད། དེ་རིང་གི་ཆོས་སྐོར་འདི་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་བཤད་པའི་ནང་ནས་གང་ཟག་སྒོས་བཙན་གྱི་ཆོས་སྐོར་ཆགས་ཡོད། བསྟན་པ་སྤྱི་བཙན་བྱས་ནས་སངས་རྒྱས་པའི་ཆོས་འཛམ་གླིང་སྤྱི་ལ་ཁྱབ་ནས་འགྲོ་རྒྱུ་ཞིག་རེད།
བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད་གཉེན་དུ་བལྟ་རྒྱུ་རེད་མ་གཏོགས་དགྲ་བགེགས་ཞེས་འདུལ་རྒྱུའི་བསམ་བློ་གཏོང་རྒྱུ་གང་ཡང་མི་འདུག བསྟན་པ་སྤྱི་བཙན་ཧ་ཅང་ནུས་པ་ཆེན་པོ་ཡོད། དངོས་གནས་དྲང་གནས་སེམས་ལ་འགུལ་སྐྱོད་ཐེབས་རྒྱུ་ཞིག་ཡོད། ཅེས་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་རྡོར་གདན་རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་ཐུགས་དྲན་གསོ་མཛད་དོན།
དེ་རིང་རྒྱ་ནག་ནས་ཡོང་མཁན་རྒྱ་རིགས་ཁག་གཅིག་ལ་ཐུག་པ་ཡིན། བོད་དང་རྒྱ་ནག་གི་སངས་རྒྱས་པའི་ཆོས་དེ་རྒྱ་གར་གྱི་དཔལ་ནཱ་ལེནྡྲར་ཁུངས་གཏུགས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ངོས་ཀྱིས་ཁོང་ཚོར་འགྲེལ་བཤད་བརྒྱབ་པ་ཡིན། དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་ནང་དུ་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་རྒྱ་ནག་ཆགས་ཡོད། ཅེས་དང་། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་སྐོར་བཀའ་སློབ་སྩལ་དོན།
ད་ལྟ་མཐོང་ཆོས་སུ་ཡོད་པའི་འཛམ་བུ་གླིང་འདིའི་སྒང་ལ་བསམ་བློ་ཐོངས་དང་། ད་ལྟ་རང་འཛམ་བུ་གླིང་འདིའི་སྒང་ལ་མི་ཡིས་མི་གསོད་རེས་གཏོང་གི་ཡོད། དེ་རིང་ཁ་སང་འཛམ་བུ་གླིང་གི་ཚ་དྲོད་ཡར་འཕེལ་ནས་ཉེ་ལམ་ལྷོ་ཨ་མི་རི་ཀའི་བྷ་ར་ཛིལ་ཡུལ་དུ་ནགས་ལ་མེ་སྐྱོན་ཚབས་ཆེ་ཤོར་བ་མ་ཟད། ད་ལྟ་ཨོ་སི་ཊི་ལི་ཡའི་ནང་མེའི་འཇིགས་པ་བྱུང་ནས་སེམས་ཅན་ཀངྒ་རོ་ Kangaroo སོགས་སྟོང་ཕྲག་མང་པོ་མེས་ཚིག་འདུག མི་ཁག་གཅིག་ཀྱང་མེས་ཚིག་ནས་འདས་གྲོངས་ཕྱིན་འདུག ཉི་མའི་ཚ་དྲོད་ཤུགས་ཆེ་རུ་ཕྱིན། དེ་ལ་བརྟེན་ནས་འཛམ་བུ་གླིང་ནང་མི་ཡིས་བཟོས་པའི་རྙོག་གྲའི་ཐོག་རང་བཞིན་གྱིས་ཚ་དྲོད་ཡར་འཕེལ་ནས་དཀའ་ངལ་ཧ་ཅང་འདུག འཛམ་གླིང་གི་ཚ་དྲོད་རྒྱས་པར་བརྟེན་ནས་དཀའ་ངལ་འཕྲད་པ་དེ་དག་ལ་ང་ཚོས་ཐད་ཀར་བྱེད་རྒྱུ་གང་ཡང་མེད། ང་ཚོས་ཕྲན་བུ་ཁོར་ཡུག་གི་ཐོག་དོ་སྣང་བྱེད་རྒྱུ་ཙམ་ལས་གཞན་བྱེད་རྒྱུ་གང་ཡང་མི་འདུག གང་ལྟར་འཛམ་གླིང་གི་ཚ་དྲོད་ཀྱི་རྐྱེན་པས་རྙོག་གྲ་མང་པོ་ཞེ་དྲག་ཡོད། ཨ་ཕི་རི་ཀའི་ནང་ལ་མཚོན་ན་ཆར་པ་མང་དྲགས་ནས་ཆུ་ལོག་གི་དཀའ་ངལ་དང་། ས་ཆ་མང་པོ་ཞིག་ལ་ཚ་དྲོད་ཀྱི་རྐྱེན་པས་སྡུག་བསྔལ་ཡོང་གི་འདུག ཅེས་བཀའ་སློབ་སྩལ་བ་དང་།
མཐར་མགོན་པོ་གང་ཉིད་མཆོག་གིས་བོད་བརྒྱུད་ནང་བསྟན་སྐོར་བཀའ་སློབ་སྩལ་དོན། ཆོས་འབྲེལ་ཞེས་སའི་ས་ཆ་གཅིག་ལ་རུག་རུག་བྱས་ནས་བླ་མས་འདོན་པ་བཏོན། གཏོར་མ་མགོ་ལ་བཞག་ནས་བྱས་པ་དེ་གཅིག་པུ་མིན། ཚང་མས་ཉམས་ལེན་ཡག་པོ་བྱེད་དགོས། མདོ་སྔགས་ཀྱི་བསྟན་པ་ཆ་ཚང་ཞིག་ཡོད་པ་དེ་ཕལ་ཆེར་བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཆགས་འདུག དེ་དག་འགྲེལ་བཤད་རྒྱག་རྒྱུ་དེ་ཡང་བོད་ཡིག་ཡག་ཤོས་རེད། བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་འདི་ད་ལྟ་ཡིན་ནའང་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ཀྱིས་ཟིན་ནས་བསྡད་ཡོད། རྒྱ་ནག་ནང་དུའང་ནང་པ་མང་དུ་མང་དུ་འགྲོ་གི་འདུག བོད་གངས་ཅན་ལྗོངས་ཀྱི་བསྟན་པ་འདི་བོད་གངས་ཅན་ལྗོངས་ཙམ་མ་ཡིན་པར་ནང་པའི་ཡུལ་གྲུ་ཚང་མར་ཏན་ཏན་ཁྱབ་ངེས་རེད། ནང་པ་མིན་པའི་ལུང་པ་ཚོའི་ནང་ལའང་རྣམ་དཔྱོད་ཅན་གྱི་མི་མང་པོས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཡིད་འཕྲོག་ནས་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་བསྟན་པ་ཡུན་རིང་གནས་པ་དང་། དེ་ལ་བརྟེན་ནས་འགྲོ་བ་མང་པོར་ཕན་ཐོགས་ཡོང་བར་ངོས་ཀྱིས་སྨོན་ལམ་བརྒྱག་གི་ཡིན།
ཁྱེད་རང་ཚོས་ཀྱང་སྨོན་ལམ་བརྒྱག་རོགས་ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ན་ནིང་ལོའི་འཇམ་དབྱངས་ཆོས་སྐོར་གྱི་ཆོས་འབྲེལ་འཕྲོ་སྐྱོང་ཡོངས་སུ་ལེགས་གྲུབ་བྱུང་འདུག མཐའ་དོན་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་འགན་འཛིན་འཇམ་དཔལ་ལྷུན་གྲུབ་ལགས་ཀྱིས་གསུང་ཆོས་སྐབས་ཀྱི་རྩིས་ཁྲ་སྒྲོགས་སྦྱང་ཞུས་བསྟུན། གནས་མཆོག་རྡོར་གདན་དགེ་ལྡན་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སེར་བྱེས་ཕོར་བུ་བསམ་གྲུབ་ལགས་ཀྱིས་ཐེངས་འདིར་སྤྱི