༢༠༡༩ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། ། འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཐོག་རྡ་ས་རྒྱ་གར་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་ནང་གོར་ཁའི་སྙན་ངག་པ་དང་། གཞས་པ། དེ་བཞིན་འཁྲབ་གཞུང་དང་སྒྲུང་གཏམ། གཞས་གདངས་རྩོམ་མཁན་སྙན་གྲགས་ཅན་དང་། སྤྱི་ཚོགས་ཞབས་ཞུ་བ་སློབ་དཔོན་སྐུ་ཞབས་མི་ཏྲཱ་སེན་ཐཱ་པ་ (Master Mitrasen Thapa) མཆོག་འཁྲུངས་ནས་ལོ་ངོ་ ༡༢༤ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་དོན། དེ་རིང་སློབ་དཔོན་མི་ཏྲཱ་སེན་ཐཱ་པ་་ (Master Mitrasen Thapa) མཆོག་འཁྲུངས་ནས་ལོ་ངོ་ ༡༢༤ འཁོར་བའི་རྗེས་དྲན་མཛད་སྒོར་ཕེབས་པའི་སྙན་ངག་པ་དང་། མཁས་དབང་། རིག་གཞུང་འཁྲབ་སྟོན་པ། རྒྱ་གར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཝི་ཇེ་སིང་མན་ཀོ་ཊི་ཡཱ་ (Vijay Singh Mankotia) མཆོག སློབ་དཔོན་མི་ཏྲཱ་སེན་གྱི་རིག་གཞུང་དང་སྒྱུ་རྩལ་ཚོགས་པ་ (Master Mitrasen Sahitya Sangeet Sabha) ཞེས་པའི་ཚོགས་གཙོ་ལྕམ་སྐུ་ས་ད་ན་ ནེ་པ་ལི་ (Sadhana Nepali) མཆོག གཞན་འདིར་ཕེབས་པའི་སྐུ་མགྲོན་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། སྐུ་ཞབས་མི་ཏྲཱ་སེན་ཐཱ་པ་མཆོག་གི་མི་ཚེ་ལོ་རྒྱུས་ལ་ཆ་བཞག་ན།
ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་ནང་ཁོང་གི་ནང་མི་རྣམས་བལ་ཡུལ་ནས་ཀུ་མོན་ (Kumaon) དང་། གྷར་ཝལ་ (Garhwal) བཅས་སྡེ་ར་ལྡུན་བརྒྱུད་ནས་རྡ་སའི་ཏོ་ཏ་ར་ནི་ (Totarani) ནང་གཞིས་ཆགས་པ་ཞིག་དང་། ཁོང་ནི་ཕྱི་ལོ་ ༡༨༩༥ ཟླ་ ༡༢ ཚེས་ ༢༩ ཉིན་རྡ་སའི་ཏོ་ཏ་ར་ནི་གྲོང་གསེབ་ཏུ་འཁྲུངས་ཤིང་། འཛིན་རིམ་བརྒྱད་པ་བར་སློབ་སྦྱོང་གནང་རྗེས། ཕྱི་ལོ་ ༡༩༡༢ ལོར་རྒྱ་གར་རང་དབང་འཐབ་རྩོད་ཀྱི་ཆེད་དུ་དམག་མིར་འཛུལ་ཞུགས་ཀྱིས་དམག་ཆེན་དང་པོའི་ནང་མཉམ་ཞུགས་གནང་སྟེ། ཕ་རན་སི་སོགས་རྒྱལ་ཁབ་མང་པོའི་ནང་དམག་ཏུ་ཕེབས་པ་དང་། དམག་ལ་ཡོད་པའི་སྐབས་ནས་བཟུང་སོ་སོའི་མི་རིགས་ཀྱི་ཆོས་དང་། རིག་གཞུང་སོགས་གལ་ཆེར་བརྩིས་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༡༩༢༠ ལོར་དམག་མི་ནས་འདོན་པའི་རྗེས་སུའང་། གོར་ཁ་དང་། བལ་པོའི་སྐད་ཡིག་དང་། རིག་གཞུང་། སྙན་ངག་སོགས་སྲུང་སྐྱོབ་བྱ་རྒྱུའི་སླད་རྒྱ་གར་ནང་གོར་ཁ་མི་རིགས་ཡོད་ས་ཚང་མར་བསྐོར་བསྐྱོད་གནང་སྟེ། སོ་སོའི་གོར་ཁའི་རིག་གཞུང་དང་། སྐད་ཡིག སྙན་ངག འཁྲབ་གཞུང་སོགས་ཀྱི་གལ་ཆེའི་སྐོར་མི་མང་ལ་ངོ་སྤྲོད་སོགས་གནང་འདུག
ལྷག་པར་དུ་ཕྱི་ལོ་ ༡༩༤༢ ལོར་སྐུ་ཞབས་ཁོང་གིས་སངས་རྒྱས་ཀྱི་མཛད་རྣམ་དང་འབྲེལ་བའི་ (Buddhavani) ཞེས་པའི་སངས་རྒྱས་གསུངས་བལ་པོའི་སྐད་ཡིག་ནས་ཨིན་ཡིག་ཐོག་བསྒྱུར་གནང་བ་དང་། ཕྱིས་སུ་ཕྱི་ལོ་ ༡༩༩༦ ལོར་ཁོང་གིས་བསྒྱུར་གནང་བའི་ཕྱག་དཔེ་དེ་བཞིན་ (Master Mitrasen Sahitya Sangeet Sabha) ཚོགས་པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་གནང་ཡོད་འདུག དེ་བཞིན་ཕྱི་ལོ་ ༡༩༣༣ དང་། ༡༩༣༦། ༡༩༤༤ བཅས་ལ་སྐུ་ཞབས་ཁོང་སོ་སོའི་བལ་ཡུལ་དུ་ཕ་མེས་ཀྱི་ས་ཁུལ་ལ་ཕེབས་གནང་ཡོད། སྐུ་ཞབས་ཁོང་གིས་བརྩམས་གནང་བའི་དམངས་ཁྲོད་ཀྱི་གླུ་གཞས་རྣམས་ལ་བལ་པོ་དང་། གོར་ཁའི་སྤྱི་ཚོགས་ནང་ཤིན་ཏུ་དར་ཁྱབ་ཆེན་པོ་ཡོད་པ་དང་། མི་མང་ནས་དགའ་མོས་ཆེན་པོ་ཐོབ་ཡོད་འདུག སྐུ་ཞབས་ཁོང་གིས་སྤྱི་ཚོགས་ནང་ལེགས་སྐྱེས་གང་ལེགས་ཕུལ་བར་ཆེ་བསྟོད་སླད། རྒྱ་གར་དང་། བལ་ཡུལ་གཞུང་གཉིས་ནས་ཁོང་གི་འདྲ་པར་འཁོད་པའི་སྦྲག་རྟགས་སོ་སོར་འདོན་སྤེལ་གནང་ཡོད་པ་ནི་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། འོན་ཀྱང་ཁོང་ཉིད་དགུང་ལོ་ ༥༠ ཐོག་གྲོངས་འདུག་ཅེས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་།
དེ་བཞིན་ཁོང་གིས་གསུང་དོན། དེ་རིང་རྣམ་པ་ཚོས་ཁོང་གི་རྗེས་དྲན་ཉིན་མ་གཅིག་རིང་ཞུ་རྒྱུ་ཙམ་མ་ཡིན་པར། གཙོ་བོ་ཁོང་གིས་བཞག་པའི་རླབས་ཆེན་གྱི་བྱས་རྗེས་དག་ལ་དྲན་གསོ་དང་། ཁོང་གིས་གོར་ཁའི་རིག་གཞུང་དང་། སྐད་ཡིག གཞས་སྣ། སྒྲུང་གཏམ་སོགས་དང་འབྲེལ་བའི་ལྗགས་རྩོམ་གནང་བཞག་པ་དག་ད་བར་རྒྱུན་གནས་ཐུབ་པ་ལྟར། མུ་མཐུད་གཞོན་སྐྱེས་ཚོས་སྲུང་སྐྱོབ་གནང་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། བོད་ལྟ་བུར་ཆ་མཚོན་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་དང་བཅས་པ་རྩ་མེད་བཏང་དང་གཏོང་བཞིན་ཡོད་ཀྱང་། བོད་ཕྱི་ནང་ལ་བཞུགས་པའི་བོད་རིགས་ཡོངས་ཀྱིས་དེ་ལ་གདོང་ལེན་གནང་སྟེ། མུ་མཐུད་ང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་སོགས་སྲུང་སྐྱོབ་བྱེད་བཞིན་ཡོད། ཁྱེད་རང་ཚོ་རང་དབང་ལུང་པའི་ནང་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་ལ་སོགས་ཉམས་རྒུད་དུ་སོང་བ་ཡིན་ན། མ་འོངས་པར་སོ་སོའི་ངོས་ནས་འགྱོད་པ་སྐྱེ་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་ཞུ་རྒྱུ་དང་།
དེ་རིང་ངས་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ང་ཚོ་བཙན་བྱོལ་དུ་བསྡད་ནས་ད་ཆ་ལོ་ངོ་ ༦༠ འགྲོ་བཞིན་ཡོད། བོད་པའི་རྩ་དོན་ཐོག་ལའང་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། དེ་རིང་སློབ་དཔོན་སྐུ་ཞབས་མི་ཏྲཱ་སེན་ཐཱ་པ་མཆོག་འཁྲུངས་ནས་ལོ་ངོ་ ༡༢༤ འཁོར་བའི་རྗེས་དྲན་དེ་ཡང་རིག་གཞུང་འཁྲབ་སྟོན་གྱི་ཐོག་ནས་སྲུང་བརྩི་ཞུས་པར་བསྔགས་བརྗོད་ཞུ་གི་ཡོད། ངས་ཁོ་རང་གི་ལོ་རྒྱུས་དེའང་མགྲོན་ཤོག་འབྱོར་བ་ནས་བཟུང་སྟེ། དུས་ཚོད་ཐུང་ཐུང་ཞིག་གི་ནང་ཀློག་རྒྱུའི་གོ་སྐབས་བྱུང་བ་དེས་ང་ལའང་ཉམས་མྱོང་ཆེན་པོ་ཐོབ་བྱུང་། ཁོང་གིས་གོར་ཁའི་མི་རིགས་ཀྱི་ལ་རྒྱ་དམ་པོར་བཟུང་སྟེ། རིག་གཞུང་དང་། སྙན་ངག གཞས་སྣ། སྒྲུང་གཏམ་སོགས་ལྕགས་རྩོམ་གནང་བ་དག་དང་། བྱམས་དང་། སྙིང་རྗེ་གཙོ་བོར་བཟུང་བའི་ཐོག་སྤྱི་ཚོགས་ཞབས་ཞུ་གནང་བ་ཆ་ཚང་མཇལ་རྒྱུ་བྱུང་། ཁོང་གིས་སྨྱུ་གུ་དང་ཀླད་པའི་ཐོག་ནས་གོར་ཁའི་མི་མང་ལ་གསོལ་རས་གནང་བ་རྣམས་མི་རབས་རྗེས་མས་བཀའ་དྲིན་རྗེས་སུ་དྲན་ནས་ལག་ལེན་བསྟར་དགོས་པ་སོགས་ཀྱི་གསུང་བཤད་དང་། གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་རྣམ་པས་རིམ་པས་གསུང་བཤད་གནང་ཡོད་པ་མ་ཟད། རིག་གཞུང་གཞས་སྣ་སོགས་འཁྲབ་སྟོན་གནང་སོང་།
སྐབས་དེར་སློབ་དཔོན་མི་ཏྲཱ་སེན་གྱི་རིག་གཞུང་དང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལམ་སྟོན་གནང་བ་ལྟར། འབྱུང་འགྱུར་སློབ་དཔོན་སྐུ་ཞབས་མི་ཏྲཱ་སེན་ཐཱ་པ་མཆོག་འདས་གྲོངས་སུ་འགྱུར་བའི་རྗེས་དྲན་ཐོག་ཁོང་གིས་ལྗགས་རྩོམ་གནང་བ་ཁག་གི་ཐོག་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་དང་། མ་འོངས་པར་མུ་མཐུད་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་གནང་སོང་། གཞན་ཡང་ཚོགས་པའི་ཚོགས་གཙོས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་ལ་ཆེ་བསྟོད་ཕྱག་རྟགས་ཤིག་ཕུལ་བ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པ་དང་། རིག་གཞུང་གཞས་སྣ་འཁྲབ་སྟོན་པ་རྣམས་ལ་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །