༢༠༡༡ ཟླ་ ༦ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཚོས་བཀའ་ཤག་གསར་པའི་ཡང་སྟེང་ནས་དུང་རྒྱའི་ཕེབས་བརྡ་ཕུལ་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་བཀའ་ཤག་དང་བཀའ་དྲུང་ཡིག་ཚང་གསར་པའི་ལས་ཁང་གི་མདུན་དུ་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་དང་གསར་དུ་བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་༸ཞབས་སོར་འཁོད་དེ་མགོན་པོ་གང་ཉིད་མཆོག་གིས་དགེ་འདུན་བརྒྱད་གྲྭ་དང་ལྷན་དུ་མཆོག་གསུམ་གྱི་ཤིས་བརྗོད་གསུང་མཐར་དར་ཚོན་སྣ་ལྔའི་འབྲེལ་མདུད་ཕྱག་གིས་བསལ་ཏེ་ཕྱག་ནས་མེ་ཏོག་གཏོར་གནང་སྩལ་བ་དང། བཀའ་ཤག་གི་མཚན་བྱང་དར་ཡོལ་དབྱེ་བ་མཛད། སྐབས་དེར་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། སྤྱི་འཐུས་རྣམ་པ་བཅས་མཛད་སྒོར་ཕེབས་ཡོད། དེ་རྗེས་ཡང་སྟེང་ཚོམས་ཆེན་དུ་ཕེབས་ཏེ་རྟེན་དྲུང་སྣང་གསལ་ཞལ་དབྱེ་གནང་སྟེ་ཞབས་སྟེགས་ཐོག་སྐུ་བཞུགས་མཛད་པ་དང་བཀའ་ཁྲི་ལས་ཐོག་དང་གསར་པ་རྣམ་གཉིས་ཀྱིས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། མཛད་གཙོ་རྣམ་བཞུགས་གྲལ་ལ་འཁོད། རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕེབས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁང་པ་གསར་པར་འཚམས་འདྲི་ཡོད། དུས་རབས་གསར་པ་དང་བཀའ་ཤག་གསར་པ་བྱས། དུས་ཚོད་ཧ་ཅང་འགྱུར་བ་འགྲོ་གི་ཡོད། གཙོ་ཆེ་རྒྱ་ནག་ནང་ཧ་ཅང་འགྱུར་བ་འགྲོ་གི་ཡོད། ང་ཚོ་བོད་པ་ཚོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྤྱི་འཐུས་གསར་རྙིང་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། སྔོན་མ་ལས་དུས་རྙིང་པའི་སྐབས་སུ་མང་ཚོགས་ནང་མཐོང་ཚུལ་ཡག་པོ་རང་མེད་པ་དེ་འདྲ་བྱུང་ཡོད། དེ་དག་དྲན་པ་ཉེར་བར་བཞག་སྟེ། ད་རེས་ཀྱི་ལས་དུས་གསར་པ་དེ་དག་གིས་དངོས་གནས་དོན་དག་ཐོག་རྒྱུན་ལྡན་སྐྱོན་བསྲང་བྱེད་རྒྱུ་ཡོད་པ་དེ་དག་ལྷག་བསམ་རྣམ་དག་གིས་བྱེད་དགོས། ཡང་ཆུང་ཚགས་དེ་འདྲ་ལ་དཀྲོག་རྐྱེན་ཐེབས་རྒྱུ་ལྟ་བུ་མེད་པ་བྱེད་དགོས་ཤེས་སོང་ངམ། ལོ་གཅིག་འདི་གར་ཟང་ཟིང་བྱུང་སྐབས་ལྷ་སའི་བར་སྐོར་ནང་རྒྱ་མིས་བརྙན་འཕྲིན་ཆེན་པོ་ཞིག་བཙུགས་ཏེ་དེའི་ནང་སྟོན་གྱི་འདུག་ཅེས་ཟེར། ཆ་ཚང་ཞིག་མཐོང་ན་ང་ཚོས་མང་གཙོའི་རང་དབང་དང་གཏམ་བརྗོད་རང་དབང་ལོངས་སྤྱོད་ཀྱི་ཡོད། གྲོས་ཚོགས་གཞན་དག་ནང་རྐུབ་བཀྱགས་གཞུས་རེས་བྱེད་ཀྱི་ཡོད། དེ་འདྲ་བྱུང་ཡོད་པ་མ་རེད། ཁོ་རང་ཁོ་རང་ལ་གཟི་བརྗིད་ཅིག་ཡོད་པ་ཆ་ཚང་མ་བསྟན་པར་རྡོག་སྒྲུག་ལྟ་བུ་བརྒྱབ་སྟེ། སྡུག་ས་དེ་བསྟན་འདུག་པས་དེ་དག་ཡིད་གཟབ་བྱེད་དགོས། ཞེས་ལམ་སྟོན་བཀའ་སློབ་བསྡུས་པ་དོན་སྙིང་ལྡན་པ་ཞིག་ཕེབས་ཡོད།
དེ་ནས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་བཀའ་ཤག་དང་བཀའ་དྲུང་ལས་ཁུངས་གསར་བཞེངས་ཇི་ལྟར་ཞུས་སྐོར་སོགས་སྙན་སྒྲོན་ཞུས།
དེ་རྗེས་༸གོང་ས་མཆོག་གིས་རྒྱ་གར་ས་གནས་ཡུལ་མིའི་བཀའ་དྲིན་མཚོན་ཆེད་གཙུག་ལག་སློབ་དཔོན་ཆེན་མོ་ཤར་མ་ལགས་ (Prof.Sharma) སུ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གསོལ་རས་སྩལ་བ་དང་། དེ་བཞིན་རྒྱ་གར་དབུས་སྣེ་ཤན་པ་སྐུ་ཞབས་ཨ་རུན་ཤར་པ་(Arun Sharma)ལགས་སུ་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གིས་བཀའ་དྲིན་མཚོན་ཆེད་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གསོལ་རས་སྩལ། ཕྱོགས་མཚུངས་ཁང་པ་གསར་པའི་བཟོ་བཀོད་གནང་མཁན་དང་འགན་ཁུར་བ་སོགས་ཁྱོན་མི་གྲངས་བཅོ་ལྔར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གསོལ་རས་སྩལ་ནས་བཀའ་ཤག་གསར་པའི་ལས་ཁུངས་ཁག་ལ་གཟིགས་སྐོར་མཛད་རྗེས་བཀའ་ཤག་གི་མདུན་ཐང་དུ་མགོན་པོ་གང་ཉིད་མཆོག་གིས་ཤིང་སྣ་འདེབས་འཛུགས་མཛད་དེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས། །