༢༠༡༡ ཟླ་ ༦ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༣ ཚེས་ ༣༠ ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡ ནས་ ༢ བར་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱྲི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དཔལ་ལྡན་བཀའ་ཁྲི་མཆོག་གིས་དབུས་བཀའ་བློན་རྣམ་པ་དང། དཔལ་ལྡན་ཚོགས་གཙོ་གཞོན་པའི་དབུས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་བཀྲིས་བདེ་ལེགས་ཞུ་གི་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་འདེམས་ཐོན་བྱུང་ནས་དམ་འབུལ་ཞུས། དེ་རིང་ང་ཚོ་འཛོམས་རྒྱུའི་ཚོགས་དུས་དང་པོའི་ཉིན་ཐོག་མ་དེ་ཆགས་ཡོད།
སྤྱི་འཐུས་རྣམ་པ་ཚོ་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་ཐམ་པ་གྲོས་ཚོགས་འདི་རང་ནས་ལོ་ལྔ་ནས་ཉི་ཤུ་བར་ཕྱག་ལས་གནང་མྱོང་ཡོད་མཁན་དང་། དེ་བཞིན་བརྒྱ་ཆ་ལྔ་བཅུ་གསར་དུ་མི་མང་གིས་འོས་འདེམས་བྱས་ཏེ་ཕེབས་ཡོད། དེ་ཡང་ལོ་རྒྱུས་ཀྱི་ཀྱོག་མཚམས་དང་ལེའུ་གསར་པ་ཞིག་གི་སྟེང་སླེབས་ཡོད་སྟབས། ལས་འགན་སྔོན་དང་མི་འདྲ་བ་ཞིག་འཁྱེར་དགོས་པའི་དུས་ཚོད་ཅིག་བསླེབས་ཡོད་པར་བརྟེན། ཚོགས་གཙོས་རེ་བ་ཞུ་རྒྱུར་ང་ཚོ་མང་གཙོའི་འཕེལ་རིམ་གྱི་སྒོ་ནས་མང་གཙོའི་ལམ་སྲོལ་ལ་བསྐྱོད་དེ་ལོ་ལྔ་བཅུ་ལྷག་ཙམ་ཞིག་ཕྱིན་ཡོད། ད་རེས་གྲོས་ཚོགས་འདིའི་ནང་སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་། ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་གང་ཅིའི་ཐད་ནས་སྔར་དང་མི་འདྲ་བ་ཡོད། སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ཐོག་ནས་གྲོས་ཚོགས་ཀྱི་གནས་ཚད་མཐོ་རུ་འགྲོ་གི་རེད་བསམ་པའི་རེ་བ་ཞུ་གི་ཡོད། དེ་བཞིན་གྲོས་ཚོགས་འདིའི་ནང་གླེང་སློང་བྱེད་རྒྱུ་མང་ཆེ་བ་ཞིག་བོད་པའི་ཆོས་དང་། རིག་གཞུང་། ཤེས་ཡོན། དེ་བཞིན་ཆབ་སྲིད་སྐོར་ལ་གལ་ཆེ་ཤོས་ཆགས་ཀྱི་ཡོད། རྒྱ་ནག་ནང་ལ་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བོད་ནང་ལ་གནས་སྟངས་གང་ཆགས། རྒྱལ་སྤྱིའི་ཆབ་སྲིད་ཀྱིས་རྐྱེན་པས་བོད་པའི་གནད་དོན་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་དེ་ཚོའི་སྐོར་ཚང་མས་ཐུགས་སྣང་གནང་དགོས་པའི་གནད་དོན་ཞིག་དང་། འཛིན་སྐྱོང་སྐོར་ཡིན་ནའང་བཙན་བྱོལ་ནང་ཡོད་པའི་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། མང་གཙོའི་འཕེལ་རིམ་དང་ཆབ་སྲིད་གོ་རྟོགས། ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ལས་དོན་མང་པོ་ཞིག་ཡོད། དཔལ་འབྱོར་ཐོག་ལའང་གྲོས་ཚོགས་ནས་སྟངས་འཛིན་གནང་བ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་གང་ཡོད་པ་དེ་དག་ཆ་ཚང་གྲོས་ཚོགས་འདི་ནས་འགན་འཁྱེར་དགོས་ཀྱི་ཡོད། གནས་ཚུལ་དེ་དག་དངོས་ཡོད་གང་ཡིན་ཤེས་པའི་ཐོག་གྲོས་ཚོགས་འདིའི་ནང་ཐག་གཅོད་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། དངོས་ཡོད་གནས་ཚུལ་ལ་གཞི་མ་བཅོལ་བར་གྲོས་ཚོགས་འདིའི་ནང་བཀའ་མོལ་གནང་ན་རང་བཞིན་གྱིས་གྲོས་ཚོགས་ཀྱི་ཆེ་མཐོང་མང་པོར་སྐྱོན་རྒྱག་གི་ཡོད་པ་གསལ་པོ་ཡིན།
དེ་རིང་འདིར་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་ཚང་འཛོམས་བྱུང་བ་ལྟར་མ་འོངས་པར་ཡང་དེ་བཞིན་འཛོམས་པའི་རེ་བ་བྱེད་ཀྱི་ཡོད། སྤྱི་འཐུས་ལ་ལངས་སྐབས་འགན་ཞིག་འཁྱེར་གྱི་ཡིན་བརྗོད་ནས་ལངས་ཀྱི་ཡོད། འོན་ཀྱང་སྤྱི་འཐུས་ལ་སླེབས་རྗེས་གྲོས་ཚོགས་ནང་བཅར་དང་མ་བཅར་གྱི་གནས་སྟངས་མང་པོ་ཆགས་ཀྱི་ཡོད་སྟབས། ཁྲིམས་གཏན་འབེབས་དང་འཛིན་སྐྱོང་སྟངས་འཛིན་བྱེད་རྒྱུར་གྲོས་ཚོགས་འཐུས་ཤོར་འགྲོ་གི་ཡོད། སྤྱི་འཐུས་རྣམ་པ་ཚོས་རྒྱུན་དུ་ནས་ཆབ་སྲིད་གཙོ་བོར་གྱུར་པའི་བོད། རྒྱ་ནག རྒྱལ་སྤྱིའི་གནས་སྟངས་ལ་ཐུགས་སྣང་གནང་ཐོག་འཛིན་སྐྱོང་དང་དཔལ་འབྱོར་སྟངས་འཛིན་གྱི་འགྲོ་ལུགས་ཆ་ཚང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་གཞིར་བཟུང་གྲོས་ཚོགས་ནང་བཀའ་མོལ་ཚུལ་དང་ལྡན་པ་ཞིག་གནང་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་གཙོ་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་སྟེ་མཚན་སྒྲོགས་སྦྱང་གནང་།
དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་དགའ་བསུའི་འཚམས་འདྲིའི་གསུང་བཤད་གནང་དོན། ཆེས་མཆོག་ཏུ་བཀུར་བར་འོས་པའི་ཚོགས་གཙོ་མཆོག སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཀའ་ཤག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུའི་གོ་སྐབས་གནང་བར་བརྟེན། ང་དང་ངའི་ལས་རོགས་བཀའ་བློན་ཚང་མའི་ངོས་ནས་ད་རེས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ནང་བསྐྱར་དུ་འོས་འདེམས་བྱུང་ནས་ཕེབས་པའི་སྤྱི་འཐུས་རྙིང་པ་དང་ཐོག་མར་འོས་འདེམས་བྱུང་སྟེ་ཕེབས་མཁན་སྤྱི་འཐུས་གསར་པ་ཚང་མར་སྙིང་དབུས་ནས་དགའ་བསུ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཕྱོགས་གཅིག་ནས་བལྟས་ན། སྐབས་བཅོ་ལྔ་པ་ཞེས་མང་གཙོའི་ལམ་སྲོལ་ནང་ཡོང་ཁུངས་རྒྱུན་རིང་ཕྱིན་པའི་ནར་སོན་གྱི་གྲོས་ཚོགས་ཤིག་ཡིན་པ་མཚོན་ཐུབ་ཀྱི་ཡོད། དེ་ཙམ་དུ་མ་ཟད་པའི་ཨང་གྲངས་བཅོ་ལྔ་པ་དེ་ཡང་བོད་པ་དང་རྒྱ་གར། རྒྱ་མི་ཚང་མས་རྟེན་འབྲེལ་ཡག་པོ་ཞིག་ལ་རྩིས་ཀྱི་ཡོད། གོང་དུ་བཀུར་འོས་སྤྱི་འཐུས་ཀྱིས་གྲོས་ཚོགས་ལ་དྲན་སོ་གནང་བ་ལྟར། བྱུང་རབས་ཀྱི་བསྒྱུར་མཚམས་ཆེན་པོ་ཞིག་གི་སྐབས་ལ་ཕེབས་མཁན་གྱི་གྲོས་ཚོགས་ཤིག་ཡིན་སྟབས། སྐབས་བཅོ་ལྔ་པའི་གྲོས་ཚོགས་འདི་གལ་གནད་ཆེན་པོ་ཞིག་ཡིན་པ་ང་ཚོས་ངོས་འཛིན་ཞུ་ཐུབ་པ་ཞིག་རེད།
སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་བསྒྲུབ་བྱ་གཞན་དང་མི་འདྲ་བའི་ཁྱད་ཆོས་དེ་ནི་སྤྱི་འཐུས་གསར་རྙིང་དང་མི་རབས་རྒན་གཞོན་གཉིས་ཀྱི་ལྗིད་ཡང་དོ་མཉམ་ཡོད། དེར་བརྟེན་སྲོལ་རྒྱུན་དང་གསར་གཏོད་གཉིས་ཀར་མཉམ་སྤྱོད་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་བསམ་གྱི་འདུག ལྷག་པར་དགའ་བསུ་ཞུ་འོས་པ་ཞིག་ལ་གྲོས་ཚོགས་ཀྱི་བསྒྲུབ་བྱ་འདིའི་ནང་མཁས་དབང་དང་རྒྱུན་དུ་ཤེས་ཡོན་སློབ་གསོའི་ཐོག་ཕྱག་ལས་གནང་མཁན། སྤྱི་ཚོགས་ཀྱི་ལས་འགུལ་བ་སོགས་མང་དག་ཅིག་སླེབས་འདུག ཁ་གྲངས་བཞི་བཅུ་ཞེ་གྲངས་ལས་མེད་ཀྱང་འདིའི་ནང་སྤྱི་ཚོགས་ཀྱི་གནས་བབ་དང་ཆ་ཤས་ཡོངས་སུ་རྫོགས་པའི་སྐུ་ཚབ་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ད་རེས་ཀྱི་གྲོས་ཚོགས་འདི་བསྒྲུབ་བྱ་བཟང་པོ་ཞིག་ཆགས་ཡོད་པས་ཐེ་ཚོམ་མེད་པའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་གནས་ཚད་གོང་མཐོར་འགྲོ་རྒྱུ་དང་ལྷག་པར་བགྲོ་གླེང་གི་གནས་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ། དེ་བཞིན་ཚད་མ་རིག་པ་སྦྱང་པའི་ཚོགས་མི་མང་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན། མ་འོངས་པར་བགྲོ་གླེང་དེ་དག་རིག་པའི་རྣམ་གཞག་དང་མཐུན་པ་ཞིག་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད།
དེ་བཞིན་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་ནས་དམ་འབུལ་ཞུ་སྐབས་ང་ཚོས་ཞིབ་ཚགས་ཐོག་དོ་སྣང་བྱས་པ་ཡིན། ད་ཆ་ཁས་ལེན་གཙང་མ་གནང་མཁན་མང་བ་དང་མཆོག་གསུམ་དཔང་བཙུགས་གནང་མཁན་གྱི་དམ་བཅའ་ཧ་ཅང་ཉུང་བ་འདུག རྒྱུ་མཚན་དེ་ལ་བརྟེན་ནས་མ་འོངས་པ་ཆོས་སྲིད་ཟུང་འབྲེལ་གྱི་ཚབ་ཏུ་ཆོས་ལུགས་རིས་མེད་འགོད་རྒྱུའི་གྲོས་འཆར་བྱུང་ན་ཏན་ཏན་ཕན་ཐོགས་ཁ་པོ་རེད་བསམ་གྱི་ཡོད། དེ་དག་དངོས་གསལ་དོད་པོ་དང་དངོས་གསལ་དོད་པོ་མེད་པ་གཉིས་ཀའི་ཐོག་ནས་སྤྱི་ཚོགས་ཀྱི་འགྱུར་འགྲོས། མང་གཙོའི་ལམ་སྲོལ་གྱི་འཕེལ་རིམ། ཤེས་ཡོན་གནས་བབ་ཀྱི་ཡར་རྒྱས། དེ་དག་ཚང་མའི་ཐོག་མཚོན་རྟགས་མང་པོ་ཞིག་ཡོད་པ་ང་ཚོས་མཐོང་ཐུབ་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ ༥༢ རིང་ལ་མང་གཙོའི་ལམ་སྲོལ་དང་སྒྲིག་འཛུགས། དེ་བཞིན་མང་གཙོའི་ལེགས་བྱང་གོང་འཕེལ་མཛད་རྒྱུའི་ཐུགས་བརྩོན་ཡུན་དུ་མཛད་པ་དེ་ཏན་ཏན་གྲུབ་འབྲས་ཐོན་འདུག་བསམ་པའི་རྗེས་སུ་ཡི་རང་ཡོང་ཐུབ་པ་ཞིག་ཆགས་སོང། དེར་བརྟེན་ད་རེས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ཐོག་ནས་གཞིས་བྱེས་བོད་མི་ཡོངས་སུ་རྫོགས་པས་རེ་བ་དང་གདེང་འཇོག་ཧ་ཅང་ཆེན་པོ་ཡོད་པ་དེ་ཁྱེད་རྣམས་ནས་མཁྱེན་གསལ་རེད་ལ་མཁྱེན་པ་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་དང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་རྗེས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད་པ་བཅས། །
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།