༢༠༡༩ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ཉིཇན་བཏང་གནས་ནང་འཁོད་དོན། ཐེ་ཝན་རིག་གཞུང་ལྷན་ཁང་གིས་གཙོ་གཉེར་ཐོག་ ༢༠༡༩ ལོ་ཕྱི་ཟླ་ ༡༢ ཚེས་ ༢༡ ནས་ ༢༠༢༠ ལོ་ཕྱི་ཟླ་ ༣ ཚེས་ ༢༡ བར་བོད་སོག་རིག་གཞུང་བཤམས་སྟོན་ཁང་ནང་༼མཐོང་བའི་བོད། གཟུགས་བཀོད་བསྡུས་རིས་ཀྱི་དམིགས་བསལ་འགྲེམ་སྟོན།༽ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་རེད། འགྲེམ་སྟོན་གྱི་ནང་དོན་གཙོ་བོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་བཟོས་པའི་བློ་གསལ་སྒྲ་བརྙན་གྱི་ནང་དོན་ཆ་ཚང་དང་། གཟའ་མཇུག་བོད་དོན་ངོ་སྤྲོད་ཀྱི་ལེགས་སྦྱར་སོགས་གོ་སྒྲིག་གནང་ཡོད་པ་རེད། ཚེས་ ༢༡ ཕྱི་དྲོ་དབུ་འབྱེད་མཛད་སྒོའི་ཐོག་ཐེ་ཝན་རིག་གཞུང་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ཤའོ་ལགས་ཀྱིས་གསུང་བཤད་གནང་སྐབས་གསུང་དོན། བཙན་བྱོལ་ནང་བོད་མི་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡག་པོ་གནང་ཡོད་པ་རེད། དེ་དག་ཐེ་ཝན་ནང་ངོ་སྤྲོད་ཆེད་འགྲེམ་སྟོན་གོ་སྒྲིག་གནང་བ་དང་། འབྱུང་འགྱུར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་རོགས་ཕན་ཞུ་རྒྱུ་ཡིན་གནས་གསུངས། དབུ་འབྱེད་མཛད་སྒོའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་མཉམ་ཞུགས་གནང་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་དང་པོ་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མིའི་འཆི་གསོན་དང་འདས་མཆོད་ཀྱི་ནང་དོན་གཙོ་བོའི་ཐོག་ངོ་སྤྲོད་ཞིབ་ཕྲ་དང་། བོད་རྒྱ་གཉིས་ཀྱི་རིག་གཞུང་ཐ་དད་ཡིན་པ་དཔེ་མཚོན་དང་བཅས་ཆུ་ཚོད་གཅིག་དང་ཕྱེད་ཙམ་ངོ་སྤྲོད་གནང་རྗེས། ཆུ་ཚོད་ཕྱེད་ཀའི་རིང་ཚོགས་ཞུགས་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ལེགས་སྦྱར་ལས་རིམ་གྲུབ་རྗེས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་གྱི་བརྙན་འཕྲིན་དང་། ཚགས་ཤོག་གི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས་གསུང་དོན། བོད་ནང་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་བའི་སྐབས་ལ་བོད་མི་བཙན་བྱོལ་བས་དེ་དག་སྲུང་སྐྱོབ་ཡག་པོ་གནང་ཐུབ་ཡོད། དེ་རིང་འགྲེམས་སྟོན་འདི་འདྲ་ཞིག་བརྒྱུད་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཐེ་ཝན་མི་མང་གིས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོད་གནས་སོགས་གསུངས།
གཞན་ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ཐའེ་ཝན་རིག་གཞུང་ལྷན་ཁང་གི་བློན་ཆེན་མཇལ་འཕྲད་ཀྱིས་ལོ་རེ་བཞིན་ཐའེ་ཝན་ནང་བོད་གཞུང་སྨན་རྩིས་ཁང་དང་། བོད་ཀྱི་ཟློས་གར་ཚོགས་པ། ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་སོགས་གདན་ཞུས་ཀྱིས་བོད་ཀྱི་རིག་གཞུང་ཐེ་ཝན་ནང་ངོ་སྤྲོད་ཡོང་བ་ཞུས་དོན་བཞིན་ཁས་ལེན་གནང་བ་དང་། ལས་གཞི་འགོ་འཛུགས་གནང་ནས་ཐེངས་དང་པོར་ནོར་གླིང་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཆེད་དུ་གདན་ཞུ་གནང་ནས་མ་འོངས་པའི་ལས་འཆར་ཆེད་བཀའ་བསྡུར་གནང་རྒྱུ་ཡིན་པ་བཅས།།